མཚེ་མ་མཚུངས་མེད་ཀྱི་ཚན་རིག་རིགས་འཕྲུལ།

ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ། རྨ་དགོན།

༄༅།།ཚན་རིག་ཁོན་ཏྲོམ་དངོས་ཁམས་རིག་པའི་ནང་ཚན། མཚེ་མ་མཚུངས་མེད་ཀྱི་རིག་པ་འདི་དཔྱད་བྱ་ངོ་མཚར་བ་ཞིག་ཡིན། འདི་ཉིད་ནུབ་ཕྱོགས་ཚན་རིག་ལྟོས་གྲུབ་སྨྲ་བའི་ཡབ་ཆེན་དུ་གྲགས་པ། ཨེ་དབྱིན་སི་ཐན་གྱིས་གསར་གཏོད་བྱས་པ་ཡིན། ཨེ་དབྱིན་སུ་ཐན་ཁོང་ནི། འཇར་མན་རྒྱལ་ཁབ་ཏུ་ཕྱི་དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་སྐྱེས་པ་ནས་༡༨༧༩-༡༩༥༥ཉི་ཤུ་བའི་དུས་སྟོད་བར་གནས། ཁོ་བྱིས་པའི་དུས་སུ་རང་གི་ཕས་ཕྱོགས་སྟོན་འཁོར་ལོ་ཞིག་བྱིན་པ་ན། ཁོས་དེ་ལ་ཞིབ་འཇུག་བྱས་ཚེ་དེའི་མདེའུ་རྩེས་ཁ་ཕྱོགས་ངེས་གཏན་འཁྲུལ་མེད་ཅིག་སྟོན་པར་ངེས་པ་རྙེད། དེ་ལ་བསྟེན་ནས་ཕྱིས་སུ་གློག་རྡུལ་ར་བ་ལ་ཞིབ་འཇུག་བྱས། ཁོ་རང་རྩིས་ལ་ཧ་ཅང་མཁས་ཤིང་ནུབ་ཕྱོགས་མཐོ་སློབ་མང་བོའི་དགེ་རྒན་བྱས། སྔ་རྗེས་སུ་དངོས་ཁམས་རིག་པའི་སྐོར་གྱི་རྩོམ་ཡིག་གྲགས་ཆེན་ཁག་ལྔ་ལྷག་སྤེལ།  ཕྱི་ལོ་༡༩༢༡ལོར་ཁོང་ལ་དངོས་ཁམས་སམ་དངོས་ལུགས་རིག་པའི་ནོ་སྦེལ་བྱ་དགའ་ཐོབ།ཁོང་གི་ལྟོ་གྲུབ་རིག་པ་ནི།ཕྱིས་སུ་མ་རྡུལ་ནུས་པའི་ཚན་རིག་དང་། འཇིག་རྟེན་འཕུར་སྐྱོད་ཚན་རིག་དང་། གནམ་དཔྱད་རིག་པ་སོགས་རིག་གཞུང་མང་བོ་ཞིག་གི་རྨངས་གཞིར་གྱུར་ཏོ།། དེ་ཡང་ཕྱི་དུས་རབས་ཉི་ཤུ་བའི་ནང་ཡས་མས་སུ་བཤད་པའི་ཨེ་དབྱིན་སི་ཐན་སོགས་ཀྱི་ལྟོ་གྲུབ་ཀྱི་རིག་པ་དེ། ལོ་གཉིས་སྟོང་ཡར་སྔོན་གྱི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟོས་གྲུབ་རིག་པ་ལ་ལྐོག་ལྟ་བྱས་ཡོད་མེད་མི་ཤེས་ཀྱང་འདྲ་མཚུངས་ཀྱི་རིག་པ་ཡོད་པར་སྣང་། འོན་ཀྱང་ཁོ་ཚོས། དུས་དང་།བར་སྣང་།འགུལ་བསྐྱོད་གསུམ་ཕན་ཚུན་ལྟོས་གྲུབ་ཡིན་པ་ནི། དཔེར་ན་བར་སྣང་ངམ་སྟོང་ཆ་མེད་ན་འགུལ་བསྐྱོད་བྱེད་ས་མེད་པ་དང་། དངོས་པོ་དེ་ལ་འགུལ་བསྐྱོད་མེད་ན་དེ་ལ་དུས་འཇོག་ཚུལ་མེད་པས་ལྟོས་བཅས་སུ་བཤད་སྣང་། དེར་བརྟེན་དུས་ནར་བ་དང་འཁུམ་པ་ཡོད་པར་འདོད་དེ། བར་སྣང་ལ་ཕར་འཕུར་གྲུ་ཞིག་བགྲོད་པའི་མགྱོགས་ཚད་ཀྱིས་བར་སྣང་ཚུར་འཁུམ་བར་བཤད། རིགས་ལམ་འདིའི་སྟེང་ནས་མཚེ་མ་མཚུངས་མེད་ཀྱི་རིག་པ་སྐད་གྲགས་ཆེན་པོ་དེ་བྱུང་། ནུབ་ཕྱོགས་ཚན་རིག་པ་ཁོ་ཚོས་བཤད་ན་འཇིག་རྟེན་འདིའི་ཆེས་མགྱོག་ཤོས་ནི་འོད་ཀྱི་མགྱོག་ཚད་ཡིན་དེ། འོད་ཀྱི་མགྱོགས་ཚད་ནི་སྐར་ཆ་གཅིག་གི་ཡུན་ལ། ཀེ་ལོ་མེ་ཊའམ་སྤྱི་ལེ་འབུམ་གསུམ་ལ་སླེབ་ཐུབ། དེ་སྔོན་འོད་ལས་མགྱོགས་པ་མ་རྙེད་པར་མ་ཟད། འོད་དང་མགྱོགས་ཚད་མཉམ་པ་གཞན་གཅིག་ཀྱང་རྙེད་མེད་ཟེར། མཚེ་མ་མཚུངས་མེད་ནི་གལ་ཏེ་འོད་དང་མགྱོགས་ཚད་མཉམ་པའི་འཕུར་གྲུ་ཞིག་བཟོ་ཐུབ་པའི་དབང་དུ་བྱས་ནས།ལོ་ཉི་ཤུ་ཅན་གྱི་ཕོ་སར་མཚེ་མ་གཉིས་ལས།མཚེ་མ་ཀ་བ་འོད་དང་མགྱོགས་ཚད་མཉམ་པའི་འཕུར་གྲུའི་ནང་ནས་རྒྱང་ཐག་འོད་ལོ་བཅུ་ཡོད་པའི་སྐར་མའི་སྟེང་སོང་ནས་སླར་འོད་ལོ་བཅུ་བརྒྱུད་ནས་སླེབ་པའམ། གང་ལྟར་མཚེ་མ་ཀ་བ་འོད་ལོ་ཉི་ཤུའི་རྒྱང་ཐག་ལ་འོད་དང་མགྱོགས་ཚད་མཉམ་པའི་ཕུར་གྲུར་བསྡད་ནས། སའི་གོ་ལ་འདིར་མི་ལོ་ཉི་ཤུར་བསྡད་པའི་མཚེ་མ་ཁ་བའི་གམ་དུ་སླེབ་ཚེ། ཁ་བ་དེ་ཀ་བ་ལས་ལོ་ཉི་ཤུས་ཆེ་བའམ་རྒས་པར་གྱུར་ནས་ལོ་བཞི་བཅུ་ལོན་ཡོད་ཀྱང་། ཀ་བ་སྔ་མ་ནང་བཞིན་འགྱུར་བ་མ་སོང་བར་ཕོ་སར་ལོ་ཉི་ཤུ་ཅན་ཞིག་ཡིན་དགོས་པར་བཤད་སྣང་།

འདིར་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དུ། མཚེ་མ་མཚུངས་མེད་ཀྱི་དཔེ་མཚོན་ནང་སྤུན་ཟླ་ཞིག་འོད་ལྟར་མགྱོགས་པའི་མཁའ་སྐྱོད་གནམ་གྲུ་ཞིག་གི་ནང་འོད་ལོ་ཉི་ཤུ་ཡི་རྒྱང་ཐག་ལ་ཡོད་པའི་སྐར་མ་ཞིག་གི་སྟེང་ལ་འཕུར་བ་དང་། དེ་ནས་སླར་ཡང་སའི་གོ་ལའི་སྟེང་དུ་ལོག་སྐབས་ཁོའི་སྤུན་ཟླ་ལས་ལོ་ཉི་ཤུ་ཡིས་རྒས་པ་ཆགས་ཡོད། ཅེས་གསུངས་པ་དང་། ཡང་དེར། འདིས་འཕགས་པ་ཐོགས་མེད་དགའ་ལྡན་དུ་སོང་སྟེ་ཇ་འཐུང་བའི་བར་གསེང་ཞིག་གི་དུས་ཡུན་ནང་བྱམས་ཆོས་སྡེ་ལྔ་གསན་ནས་ཕྱིར་འཛམ་གླིང་དུ་ཕེབས་སྐབས་ལོ་ངོ་ལྔ་བཅུ་འདས་ཟིན་པའི་གཏམ་རྒྱུད་དྲན་སྐུལ་གཏོང་ཚུལ་ཡང་གསུངས་པས།རིགས་ལམ་དེ་དང་ནང་བའི་ལྟ་གྲུབ་གཉིས་བསྡུར་ནས་དཔྱད་བྱ་མང་ངོ་།། ཡང་རྨེ་སྤྲུལ་གྱི་ལྟོས་གྲུབ་རིག་པའི་རྣམ་བཞག་གླེང་བ་ལས།ཕུ་ནུ་མཚེ་མ་གཉིས་ཡོད་པའི་ནང་གི་ཕུ་བོ་དེ་འོད་ཀྱི་མྱུར་ཚད་ཉེ་བའི་འགྲོས་ཀྱིས་མཁའ་སྐྱོད་ལྟད་མོར་ཕྱིན་ཞིང་། ནུ་བོ་ནི་སའི་གོ་ལའི་སྟེང་ཁྱིམ་དུ་གནས་པའི་དབང་དུ་བྱས་ནས། ཕུ་བོ་དེ་འོད་ལོ་བཅུ་བརྒལ་ནས་བགྲོད་དགོས་པའི་ཡུལ་ཞིག་ཏུ་ཕྱིན་ཏེ། སྔ་མའི་མྱུར་ཚད་ཀྱིས་ཕྱིར་ལོག་པའི་ཚེ། མ་མཐའ་ཡང་སའི་གོ་ལའི་ཐོག་ཡོད་པའི་ནུ་བོ་དེའི་ངོར་ལྟོས་ན་མི་ལོ་ཉི་ཤུ་སོང་ཚར་དགོས་མོད། མཁའ་སྐྱོད་ལྟད་མོར་ཕྱིན་པའི་ཕུ་བོའི་ངོར་ལྟོས་ན་མྱུར་ཚད་ཀྱི་སྟོབས་ཀྱིས་དུས་ཚོད་ཀྱི་འགྲོས་དལ་དུ་སོང་བའི་སྟོབས་ཀྱིས་མི་ལོ་གསུམ་ལས་མ་སོང་བ་ཞིག་འོང་། དེ་ལྟར་ན་ཕུ་བོ་དེ་ས་སྟེང་དུ་ཕྱིར་ལོག་པའི་ཚེ་ནུ་བོ་དང་ན་མཉམ་མ་ཡིན་པར་ལོ་བཅུ་བདུན་གྱི་ཁྱད་ཞུགས་པ་ཞིག་འོང་དགོས་པ་ཡིན།ཞེས་བཤད་འདི་ནི་འོད་ལོ་གསུམ་གྱིས་འོད་ཀྱི་མགྱོགས་ཚད་དང་མི་མཉམ་ཡང་འོད་ཀྱི་མགྱོགས་ཚད་དང་ཁད་ཉེ་བ་ཙམ་ཡིན་བས་དབང་གིས་མཚེ་མ་གཉིས་ལ་ལོ་བཅུ་བདུན་ལས་རྒས་ཁྱད་ཡོད་པར་བཤད་སྣང་བ་ཡང་གོང་དུ་བཤད་པ་དང་གནད་གཅིག་པར་སེམས།མགྱོགས་ཚད་ཀྱིས་དབང་གིས་དུས་ཚོད་དལ་དུ་འགྲོ་བའི་རིགས་ལམ་ཐོག་མར་ཨེ་དབྱིན་སི་ཐན་གྱིས་བཤད་ཅིང་། དེ་རྗེས་ཕྱི་ལོ་༡༩༧༡་ལོར་དངོས་ཁམས་ཚན་རིག་པ་གཉིས་ཀྱིས་གཞི་རྡུལ་ཆུ་ཚོད་འཁོར་ལོ་མཁའ་བསྐྱོད་གནམ་གྲུ་ཞིག་གི་ཐོག་བཞག་ནས་འཕུར་བསྐྱོད་བྱས་རྗེས་བརྟག་དཔྱད་གྲུབ་འབྲས་ལ།གནམ་གྲུའི་ནང་གི་ཆུ་ཚོད་འཁོར་ལོ་དེ་ས་ཐོག་གི་གཞི་རྡུལ་ཆུ་ཚོད་ལས་སྐར་ཆ་ང་དགུས་དལ་བར་གྱུར་བ་མིག་མཐོང་ལག་ཟིན་བྱུང་ཚུལ་བཤད། རིགས་ལམ་འདི་ལ་བརྟེན་ནས་དེ་ལས་ཀྱང་ཡ་མཚན་བཤད་ཚུལ་ཞིག་བྱུང་བ་ནི། དུས་ཚོད་ཕྱིར་ལོག་གི་རིག་པ་དེ་ཡིན།དེ་ནི་གལ་ཏེ་འོད་ཀྱི་མགྱོགས་ཚད་ལས་མྱུར་བའི་འཕུར་གྲུ་ཞིག་བཟོ་ཐུབ་ནས་དེར་ཞུགས་ཚེ། ལོ་ཟླ་ཉིན་ཞག་དུས་ཚོད་རྣམས་ལྟག་ལོག་བརྒྱབ་ནས། དཔེར་ན་ལོ་ཉིས་སྟོང་ཡར་སྔོན་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཡང་དངོས་སུ་མཐོང་ཐུབ་པ་དང་། རང་གི་ཨ་མའི་ཨ་མ་དང་།དེའི་ཨ་མ་སོགས་ལ་འཕྲད་ཆོག་པའི་བཤད་སྲོལ་བྱུང་བ་ལ། འདི་ལ་སྔོན་ཆད་དོགས་པ་བྱེད་མཁན་འགའ་རེས། དཔེར་ན་མི་ཞིག་འོད་ལས་མགྱོགས་པའི་འཕུར་གྲུ་ལས་འདས་པའི་དུས་ལ་ཕྱིར་ལོག་ནས་རང་གི་ཨ་ཕྱིར་གྱུར་བའི་བུད་མེད་དེ་དང་འཕྲད་སྲིད་ཚེ་སྐབས་དེར་རང་གིས་བུད་མེད་དེ་བསད་ན། ཨ་ཕྱི་དེ་ཡོད་ཚུལ་མེད་པས་རང་གི་ཨ་མ་དེ་ཡོད་མི་སྲིད། རང་གི་ཨ་མ་མེད་ན་རང་ཉིད་ཡོད་ཚུལ་མེད་པས་རང་གིས་ཨ་ཕྱི་གསོད་ཚུལ་མེད་པས། འགལ་འདུ་ཅན་གྱི་ལྟ་ཚུལ་ཡིན་པར་བཤད་ཀྱང་། དེ་ལ་ཡང་ཚན་རིག་པ་ཏཱེ་ཝེ་སི་ཟེར་བས་འགལ་སྤོང་བྱས་པའི་བཤད་ཚུལ་ཡང་བྱུང་། གང་ལྟར་དེ་སྔོན་ཚན་རིག་པ་སུ་གང་གིས་འོད་ལས་མགྱོགས་པ་ཕར་ཟད་འོད་དང་མགྱོགས་ཚད་མཉམ་པའི་འཕུར་གྲུ་གཅིག་ཀྱང་བཟོ་ཐུབ་མེད་ལ་རྗེས་ཕྱོགས་ཀྱང་དཀའ་བའི་ཚོད་ཡིན།འདི་ལ་གུས་པས་བསམ་ན། ནང་བའི་ལྟ་གྲུབ་ངོས་ནས་དཔྱད་ཚེ་འོད་དང་མགྱོགས་ཚད་མཉམ་པའམ་འོད་ལས་ཀྱང་མགྱོགས་པའི་དངོས་པོ་ཞིག་ཡོད་དེ། ད་ལྟའི་སངས་འཕགས་རྒྱུད་ཀྱི་རྣམ་མཁྱེན་དེ་དེ་ཡིན་ཏེ། དེས་སྐར་ཆ་གཅིག་གི་ཡུན་ལ་སྤྱི་ལེ་འབུམ་གསུམ་བཞི་ཙམ་དུ་མ་ཟད་འདས་མ་འོང་ད་ལྟའི་ཆོས་ཐམས་ཅད་གཅིག་ཆར་དུ་མངོན་སུམ་དུ་མཐོང་ཞིང་མཐོང་བ་དང་མཉམ་དུ་དེར་སླེབ་པའི་ཕྱིར་དང་། ཡེ་ཤེས་གར་སླེབ་ལ་སྐུ་ཡང་སླེབ་པར་འདོད་དགོས་པས་དེ་ལྟར་ཁས་བླང་ཆོག་སྙམ་མོ།།  གཞན་ཡང་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་དག་སྐད་ཅིག་མ་གཅིག་གི་ཡུན་ལ་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་དུ་མར་འགྲོ་ནུས་པར་མ་ཟད། ཉན་ཐོས་མོའུ་གལ་གྱི་བུས་ཤཱ་རིའི་བུས་ཆོས་གཅིག་བཤད་པའི་ཡུན་ལ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་རྫུ་འཕྲུལ་གྱིས་འདའ་ནུས་པར་གསུངས་པ་སོགས་ལ་དཔག་ན་གཏན་མི་སྲིད་པ་ཞིག་མིན་པར་སེམས། འདིར་དཔྱད་བྱ་མང་ཡང་ཕྱོགས་སྟོན་ཙམ་ཡིན་པས་རེ་ཞིག་བཞག་གོ།།དེས་ན་ཤེས་རབ་ཀྱི་རལ་གྲི་ལ་གཟི་འོད་འཕྲོ་བ་དག་གིས་དུས་དང་ལྟོས་གྲུབ་སོགས་ཀྱི་དོན་ལ་ནང་ཆོས་དང་ཚན་རིག་གཉིས་བསྡུར་ནས་ཕྲ་ཞིབ་རིག་པས་དཔྱད་ན་ངོ་མཚར་བའི་ལྟད་མོ་སྣ་ཚོགས་མཐོང་ངེས་ཡིན་པས་བློ་གསལ་དག་གི་སྐུ་སྐལ་མཛོད་ཅིག།

ཅེས་རྨ་གླིང་ཁ་བའམ་དབྱངས་ཅན་ཟླ་བའི་འཛུམ་ཟེར་ཞེས་ཀྱང་འབོད་པས་ནང་ལོ༢༩༧༧ནང་ཟླ༡༡ཚེས༡༣ཉིན།