རྔ་བ་ཤེས་རབ།
ཚད་རྡུལ་རིག་པའི་ངེས་མེད་རྩ་དོན་ཞེས་པའི་ནང་དུ་རྡུལ་ཕྲ་མོའི་ཁྱད་ཆོས་གཉིས་དུས་གཅིག་ཏུ་གང་འདོད་དུ་འཇལ་མི་ཐུབ་ཚུལ་གཅིག་ནི། གློག་རྡུལ་ཞིག་གི་གནས་གཞི་དང་འགུལ་ཚད་གཉིས་དུས་མཉམ་དུ་འཇལ་ཐབས་མེད་ཅེས་པ་འདི་ཡིན། གློག་རྡུལ་ཞིག་གནས་གང་ལ་ཡོད་པ་དང་དེའི་འགུལ་ཚད་འཇལ་དགོས་ན་དེ་ལ་ངེས་པར་དུ་འཇལ་བྱེད་ཕུན་སུམ་ཚོགས་པ་ཞིག་དགོས་ཀྱི་ཡོད།
དེ་ཡང་འོད་རྡུལ་བཏང་ནས་རག་དགོས་པ་ཡིན། གློག་རྡུལ་གྱི་གནས་གཞི་ངེས་ཅན་ཞིག་ཏན་ཏན་ངོས་འཛིན་བྱེད་པར་ཅི་ཙམ་གྱིས་ཞིབ་ཚགས་བྱས་ན་དེ་ཙམ་གྱིས་གློག་རྡུལ་དེའི་འགུལ་ཚད་འཇལ་བར་བར་ཆད་ཆེ་རུ་འགྲོ་བ་དང་། གློག་རྡུལ་གྱི་འགུལ་ཚད་ངེས་ཅན་ཞིག་ཏན་ཏན་ངོས་འཛིན་བྱེད་པར་ཅི་ཙམ་གྱིས་ཞིབ་ཚགས་བྱས་ན་དེ་ཙམ་གྱིས་གློག་རྡུལ་གྱི་གནས་གཞི་འཇལ་བར་བར་ཆད་ཆེ་རུ་འགྲོ་བ་རེད།
ཇི་ལྟར་ཞེ་ན། གནས་གཞི་དུས་དང་མ་འབྲེལ་ཞིང་འགུལ་ཚད་དུས་དང་འབྲེལ་ཡོད་པས། གནས་གཞི་འཇལ་བ་དེས་གློག་རྡུལ་གནས་ས་འཚོལ་བ་ཡིན་པ་དང་། འགུལ་ཚད་འཇལ་བ་དེས་གློག་རྡུལ་གྱི་གཡོ་སྟངས་འཚོལ་གྱི་ཡོད། གནས་གཞི་འཇལ་བྱེད་ཀྱིས་འགུལ་ཚད་ལ་ཤུགས་རྐྱེན་སྤྲོད་པ་དང་། འགུལ་ཚད་འཇལ་བྱེད་དེས་གནས་གཞི་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེས་ན་ཁྱད་ཆོས་མི་མཐུན་པ་འདི་གཉིས་དུས་མཉམ་དུ་འཇལ་ཐུབ་ཀྱི་མེད།
དེ་ཡང་གསལ་དུ་བཏང་བ་ཡིན་ན། གློག་རྡུལ་ཞིག་གནས་གང་དུ་ཡོད་འཚོལ་བ་ལ་འོད་གཏོང་དགོས། འོད་དེ་ཡང་གང་འདོད་དུ་བཏང་བས་མི་ཆོག་པར་མ་མཐར་ཚད་རྡུལ་ཞིག་གི་ཚད་ཙམ་གཏོང་དགོས། དེས་གློག་རྡུལ་ལ་ཤུགས་རྐྱེན་སྤྲད་ནས་མགྱོགས་ཚད་ལ་འགྱུར་བ་འགྲོ་བས་འགུལ་ཚད་ཚོད་དཔག་བྱེད་མི་ཐུབ།
དེ་བཞིན་འོད་རྡུལ་ཞིག་གི་གནས་གཞི་ཏག་ཏག་འཇལ་བ་ལ། འོད་ཀྱི་རླབས་ཐག་ཤིན་ཏུ་ཐུང་བ་གྷ་མ་དང་ཨེཀ་ས་འཕྲོ་འོད་ལྟ་བུ་བེད་སྤྱོད་གཏོང་དགོས་ཏེ། འཇར་མན་ཚན་རིག་པ་ཕི་ལན་ཁི་ཡིས་གྲུབ་དོན་གཏན་འབེབས་བྱས་པ་ལྟར་འོད་ལ་རླབས་ཐག་ཆེ་ཆུང་མི་འདྲ་བ་མང་པོ་ཡོད་པ་དང་། རླབས་ཐག་གཅིག་གི་རིང་ཚད་ལ་ཀེ་ལོ་མེ་ཏྲར་གཅིག་རེ་ཡོད་པའི་འོད་བཏང་བ་ཡིན་ན་རླབས་ཐག་རིང་དྲགས་ནས་རྡུལ་ཕྲ་མོའི་གནས་གཞི་ཕྲ་མོ་འཇལ་མི་ཐུབ་སྟེ། དེ་ནི་ཤིག་གི་སྒང་ལ་སྟ་རེའི་དཔེ་རུ་འགྲོ་བས་སོ།།
འོད་ཀྱི་རླབས་ཐག་ཅི་ཙམ་ཐུང་ན་དེ་ཙམ་གྱིས་ནུས་ཤུགས་ཆེ་བ་དང་། ཅི་ཙམ་གྱིས་རིང་ན་དེ་ཙམ་གྱིས་ནུས་ཤུགས་ཆུང་བ་ཡིན། རྡུལ་ཕྲ་མོའི་གནས་གཞི་འཇལ་བ་ལ་འོད་ནུས་པ་ཧ་ཅང་ཞན་པ་ཞིག་གཏོང་དགོས་པ་ནི། ནུས་ཤུགས་ཆེ་ན་དེས་རྡུལ་ཕྲ་མོའི་གནས་བབ་ལ་འགྱུར་བ་གཏོང་འགྲོ་བ་དང་། ཐུག་མ་ཉིད་ནས་གནས་གཞི་འགྱུར་བ་ཆེན་པོ་འགྲོ་བ་ཡིན་དུས་འོད་རླབས་ཐུང་བ་དེ་དག་གིས་འགུལ་ཚད་ལ་འགྱུར་བ་གཏོང་བ་བཞིན་དུ་གནས་གཞི་ལ་ཡང་ཤུགས་རྐྱེན་སྤྲད་ནས་ཏན་ཏན་འཇལ་ཐབས་བྲལ་བ་རེད།
ཧེ་སན་བྷིར་གྱིས་ཕྱི་ལོ་ ༡༩༢༧ ལོར་འཛམ་གླིང་གི་དངོས་ཁམས་ཚན་རིག་པ་གྲགས་ཅན་རྣམས་ཀྱི་ཚོགས་འདུའི་སྟེང་དུ་བཤད་པའི་ངེས་མེད་རྩ་དོན་ལྟར་ན། རྡུལ་ཕྲ་མོའི་གནས་བབ་ནི་ཏན་ཏན་ངེས་གཏན་མེད་པ་ཞིག་སྟེ། དུས་ཡུན་འདིའི་རིང་ལ་གློག་རྡུལ་འདི་གནས་འདི་ལ་ཡོད་པའི་ངེས་པ་རྩ་བ་ནས་མེད། གནས་འདི་ལ་ཡོད་སྲིད་པའི་ཆ་འདི་ཙམ་དང་གནས་དེ་ལ་ཡོད་སྲིད་པའི་ཆ་དེ་ཙམ་ཞེས་སྲིད་ཆའི་ཐོག་ནས་བཤད་དགོས་པ་ཡིན།
རླབས་དང་རྡུལ་གྱི་རྣམ་པས་མཚོན་རྡུལ་ཕྲ་མོའི་ཁྱད་ཆོས་འདི་དང་འདིའོ་ཞེས་གཏན་འཁེལ་ནས་ངེས་ཐུབ་པ་ཞིག་མིན་ཏེ། ཁྱད་ཆོས་ནི་ཏན་ཏན་གཏན་འཁེལ་ནས་ངེས་པ་མེད་པ་ཞིག་ཡིན་པས་སོ། ངེས་པ་མེད་པ་དེ་ནི་ང་ཚོས་བརྟག་དཔྱད་འཕྲུལ་ཆས་ཞན་དྲགས་པ་དང་། བརྟག་དཔྱད་བྱེད་སྟངས་མ་འགྲིག་པའི་རྐྱེན་གྱིས་མིན་པར་རྡུལ་ཕྲ་མོ་རང་སྟེང་ལ་དེ་འདྲའི་ངེས་པ་མེད་པའི་ཁྱད་ཆོས་ཤིག་རང་ཆས་སུ་ཡོད་པ་རེད་ཅེས་བཤད་པར་གྲགས།
ཨན་སི་ཀྲན་དང་བྷོར་གྱི་རྩོད་པ།
ཧེ་སིན་བྷིར་གྱི་ངེས་མེད་རྩ་དོན་ཟེར་བ་དེས་ཨན་སི་ཀྲན་ལ་ཧ་ཅང་བློ་མ་བདེ་བ་བཟོས་པ་རེད། ཁོང་གིས་རྩ་དོན་དེ་གཏན་ནས་ངོས་ལེན་མ་བྱས། ཨན་སི་ཀྲན་ལྟར་ན། རྡུལ་ཕྲ་མོ་གང་ཡིན་ཡང་རང་ལ་ཁྱད་ཆོས་རེ་ཡོད་ལ། ཁྱད་ཆོས་ཡོད་པ་དེ་ཡུལ་རང་གི་སྟེང་དེ་ག་རང་ལ་ཡོད་པ་རེད། དེ་ནི་ང་ཚོས་རྙེད་མ་རྙེད་ཀྱི་གནད་དོན་ལ་ཐུག་ཡོད། ཁྱད་ཆོས་གང་ཡོད་པ་དེ་ང་ཚོས་འཇལ་ཐུབ་ངེས་ཡིན། དེས་ན་ཚད་རྡུལ་རིག་པ་ནི་ད་དུང་ཆ་ཚང་རང་བཞིན་གྱི་རྣམ་གཞག་ཅིག་ཆགས་མེད་པ་རེད་ཅེས་བཤད་པ་རེད།
ངེས་མེད་རྩ་དོན་གྱི་ཐོག་ལ་ཁོང་གཉིས་ལྟ་བ་མ་མཐུན་ན་ཡང་སྤྱིའི་ཆ་ནས་གྲོགས་པོ་ཡིན། ཧེ་སིན་བྷིར་ཨན་སི་ཀྲན་གྱི་ཁྱིམ་དུ་གདན་འདྲེན་ཡང་ཞུས་ཡོད་པ་རེད་ལ། ཕྱི་ལོ ༡༩༥༤ ལོའི་སྟོན་ཁར་ཧེ་སིན་བྷིར་ཆེད་དུ་ཨན་སི་ཀྲན་གྱི་ཁྱིམ་དུ་བཅར་བ་རེད།
ཨན་སི་ཀྲན་གྱིས་ཚད་རྡུལ་རིག་པ་ནི་དེང་རབས་དངོས་ཁམས་རིག་པའི་གཞི་གདན་ལྟ་བུར་འདོད་ཀྱི་ཡོད་མོད། དེའི་ཡན་ལག་ཏུ་འཇུག་ན་མི་འདོད་པའི་གནས་ཚུལ་གཉིས་བྱུང་ཡོད། གཅིག་ནི་གོང་དུ་ཞུས་པ་ལྟར་གྱི་ཧེ་སན་བྷིར་གྱི་ངེས་མེད་རྩ་དོན་ཞེས་པ་དེ་ཡིན་པ་དང་། གཞན་གཅིག་ནི་གྱི་རྡུལ་ཕྲན་ཟུང་སྦྱོར་ཞེས་པ་དེ་ཡིན། ཨན་སི་ཀྲན་དང་ཚན་རིག་པ་བྷོར་གཉིས་ཀྱིས་རྡུལ་ཕྲན་ཟུང་སྦྱོར་གྱི་ཐོག་ལ་ལོ་ངོ་ཉིཤུའི་རིང་ལ་དཔྱད་བསྡུར་དང་དགག་པ་རྒྱག་རེས་གནང་ཡོད། དེས་ཚན་རིག་གི་ལྟ་གྲུབ་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་གྲགས།
བྷོར་གྱིས་རྡུལ་ཕྲ་མོ་གཉིས་ཟུང་སྦྱོར་བྱས་རྗེས་ཅི་ཙམ་བར་ཐག་རིང་པོར་ཁ་ཁར་བཏང་ནའང་། གཅིག་གི་ཁྱད་ཆོས་འཇལ་ནས་གཅིག་ཤོས་ཀྱི་ཁྱད་ཆོས་འཇལ་ཐུབ་ཅེས་བཤད་པ་རེད། རྡུལ་གཅིག་གིས་རྣམ་འགྱུར་གང་བསྟན་པ་དེ་རྡུལ་གཞན་པ་དེས་དེ་མ་ཉིད་དུ་ཚོར་གྱི་ཡོད་པ་ལྟ་བུ་མངོན་ཡོད།
འདི་ཨན་སི་ཀྲན་ལ་མཚོན་ན་གཏན་ནས་ཁས་ལེན་མི་ཐུབ་པ་ཞིག་ཆགས་ཡོད་པ་སྟེ། ཁོང་གིས་འཇིག་རྟེན་ན་འོད་ལས་མགྱོགས་པའི་དངོས་པོ་ཞིག་མེད་པར་བཞེད་པས་རྡུལ་ཕྲ་མོ་གཉིས་ཀྱིས་བར་ཐག་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་དུས་གཅིག་ཏུ་རྣམ་འགྱུར་སྟོན་སྟངས་ཕན་ཚུན་ཚོར་གྱི་ཡོད་ན་འོད་ལས་མགྱོགས་པའི་གནས་ཚུལ་སྐྱེལ་མཁན་ཞིག་ཁས་ལེན་དགོས་པར་འགྱུར་གྱི་ཡོད་པ་རེད།
ལྷ་ཡིས་ཤོ་རྒྱག་གི་ཡོད་མ་རེད་ཅེས་པའི་དོན་གང་ཡིན།
ཧེ་སིན་བྷོར་གྱིས་རང་གི་གྲུབ་དོན་དེར་ཨན་སི་ཀྲན་གྱིས་ངོས་ལེན་ཡོད་པར་རེ་བ་བཅངས་ལ་ཨན་སི་ཀྲན་གྱིས་ཧེ་སིན་བྷིར་གྱི་ངེས་མེད་རྩ་དོན་གྱི་རྣམ་གཞག་དེ་འཁྲུལ་བར་སྒྲུབ་པའི་རེ་བ་བཅངས་ཡོད་ཀྱང་གཉིས་ཀའི་རེ་བ་སྟོང་ཟད་ཆགས་པ་རེད།
ཧེ་སིན་བྷིར་གྱི་ངེས་མེད་རྩ་དོན་ཐོག་ཨན་སི་ཀྲན་གྱིས་སྐད་གྲགས་ཆེ་བའི་སྡོམ་ཞིག་བཀོད་ཡོད་པ་ནི། ལྷ་ཡིས་ཤོ་རྒྱག་གི་ཡོད་མ་རེད། ཅེས་པ་འདི་ཡིན། འདི་ལ་འགྲེལ་བཤག་རྒྱག་མཁན་ཚོས་ཚིག་འདི་བཀོལ་སྟངས་ལ་བལྟས་ན་ཨན་སི་ཀྲན་ཇོའུ་ཆོས་ལུགས་པའི་ཁྱིམ་རྒྱུད་དུ་སྐྱེས་པ་དང་འཇིག་རྟེན་དཀོན་མཆོག་གིས་བཀོད་པར་ངོས་ལེན་བྱེད་ཀྱི་ཡོད་པ་བསྟན་ཡོད་ཟེར།
ཚིག་གི་ངོ་གདོང་ལྟར་ན་དཀོན་མཆོག་གིས་འཇིག་རྟེན་བཀོད་པའི་ཚེ་ན་ཤོ་གཡུག་གིན་གཡུག་གིན་བཀོད་ཀྱི་མེད་ཅེས་པ་ཡིན། འོན་ཀྱང་དོན་དག་ངོ་མ་ནི་རྩིས་རིག་གི་རང་བྱུང་གི་ཁྲིམས་ཞེས་པ་ནི་ཤོ་གཡུག་པ་ནང་བཞིན་གོ་རིམ་ངེས་མེད་དང་སྲིད་ཆ་བརྩི་དགོས་པ་ཞིག་མ་རེད་ཅེས་པའོ།། ཁོང་གིས་ངེས་མེད་རྩ་དོན་འཁྲུལ་བར་སྒྲུབ་ཕྱིར་རྩོམ་ཤོག་འགའ་ཞིག་བཏོན་ཡོད་ཀྱང་དེང་རབས་ཚན་རིག་པས་གཅིག་གྱུར་གྱི་ངོས་ལེན་ཐོབ་མེད།
གཅིག་བྱས་ན་མ་འོངས་པར་ཁོང་གི་དགོངས་ཚུལ་ངོ་མ་གསལ་འདོན་དང་ངེས་མེད་རྩ་དོན་འཁྲུལ་བར་སྒྲུབ་ཐུབ་པའི་ཨན་སི་ཀྲན་གཉིས་པ་ཞིག་ཕེབས་སྲིད་པ་རེད། རིག་རྫས་རིག་པའི་ཡབ་ཆེན་ལྟ་བུའི་ཡེ་ཤུའི་གྲྭ་པ་ཚན་རིག་པ་མན་ཌལ་གྱི་ཁྱད་གཤིས་རྒྱུད་གཏོང་གི་རྣམ་གཞག་དེ་ཁོང་འདས་ནས་ལོ་ངོ་བརྒྱ་ལྷག་གི་རིང་ལ་སུས་ཀྱང་འགྲེལ་བཤད་རྒྱག་མ་ཐུབ་པར་ལྷག་པ་ལྟ་བུ་རེད།
དུས་བསྣར་འཁུམ་དང་བསྐྱར་ལོག
སྲོལ་རྒྱུན་གྱི་རྡུལ་རིག་དང་དེང་རབས་ཚད་རྡུལ་རིག་པ་གཉིས་བསྲེས་ནས་བཤད་ན་གོ་རྒྱུ་གང་ཡང་མེད་པ་བཞིན་དུ། ནང་རིག་ལས་བཤད་པའི་དུས་དང་ཨན་སི་ཀྲན་གྱིས་བཤད་པའི་དུས་གཉིས་བསྲེས་ནས་གོ་བ་བླངས་ན་གང་ཡང་འཛིན་རྒྱུ་མི་རག་པ་རེད།
ནང་རིག་ལས་དུས་ཞེས་པ་ཐོག་མ་མེད་ལ་ཐ་མ་མེད་པ། འདས་པ་ནས་རིམ་གྱིས་མ་འོངས་པར་རྒྱུག་ཆུ་བཞུར་བ་བཞིན་དུ་འགྲོ་རྒྱུ་ཞིག་དང་། དེ་ལ་རྐྱེན་གང་གིས་ཀྱང་ལྡོག་ཏུ་མེད་པ་ཞིག་ཡིན་པར་བཤད་ལ། དུས་ཞེས་པའི་རྒྱུན་གྱི་ཐག་པ་ཐུན་མོང་བ་ཞིག་ཐོག་མ་དང་མཐའ་མ་མེད་པར་བསྣར་བའི་སྟེང་ལ་སྣོད་དང་བཅུད་ཀྱི་དངོས་པོ་ཡོངས་རྫོགས་ཕྲེང་རྡོག་བཞིན་དུ་རྒྱུས་ཡོད་པ་ལྟ་བུར་བཤད།
ཨན་སི་ཀྲན་གྱིས་སྤྱིའི་ལྟོས་གྲུབ་ལྟར་ན་དུས་དང་བར་སྣང་དངོས་པོ་གཅིག་གི་ཕྱོགས་ཚད་མི་འདྲ་བ་ཙམ་ཡིན་པ་ལས་ཕན་ཚུན་ལྟོས་མེད་རང་དབང་བ་ཞིག་མིན་པ་དང་། དེ་གཉིས་ངོ་བོ་ལོགས་སུ་འབྱེད་དུ་མེད། དུས་ཞེས་པ་དངོས་པོ་སོ་སོ་ལ་སོ་སོར་འཇོག་པ་ལས་ཚང་མའི་ཐུན་མོང་པ་ཞིག་མེད།
དུས་འདས་པ་དེ་འདས་ཚར་ནས་མེད་པ་དང་མ་འོངས་པ་རྗེས་སུ་འབྱུང་འགྱུར་ཡིན་པས་མེད་ཅེས་མི་འདོད་པར། དུས་གསུམ་ག་ད་ལྟ་དུས་མཉམ་དུ་ཡོད་པ་དང་། རྐྱེན་དང་འཕྲད་ན་སོ་སོར་དབང་བའི་དུས་དེ་བསྣར་འཁུམ་བྱེད་ཆོག་ལ་གཡོ་བ་མེད་པར་བཟུང་ཡང་ཆོག ད་དུང་འདས་པ་ལ་བསྐྱར་ལོག་ཀྱང་བརྒྱབ་ཆོག་པར་རྣམ་གཞག་ངོས་ནས་བསྟན་ཡོད།
མགྱོགས་ཚད་འོད་དང་མཉམ་པར་སྐྱོད་ཐུབ་པ་ཡིན་ན་ཁྱེད་ཀྱི་དུས་ཚོད་དེ་འགྲོ་བ་འགོག་ཐུབ་པ་རེད། གནས་སྟངས་འདི་དུས་ཞེས་པ་དངོས་པོ་ཀུན་གྱི་ཐུན་མོང་གི་ཆོས་ཤིག་ཏུ་འདོད་མཁན་ཚོའི་བློ་ངོར་རྩ་བ་ནས་འཆར་མི་བདེ་བ་རེད། ཁྱེད་ཀྱི་དུས་ཚོད་འགྲོ་བ་བཀག་པ་དེས་ཁྱེད་ཀྱི་གཟུགས་པོར་གནས་པའི་རྡུལ་ཕྲན་གྱི་གཡོ་འགུལ་ནས་བཟུང་སྟེ་ལུས་ཀྱི་ཆ་ཤས་གང་དུ་གཡོ་འགུལ་གྱི་ཆོས་ཅན་ཡོད་ཚད་ཀྱི་འགྱུར་བ་འགོག་པར་འདོད།
དུས་བསྣར་འཁུམ་གྱི་གནས་ཚུལ་འདི་བདེན་པ་ཡིན་མིན་དེ་དུས་རབས་ཉི་ཤུ་པའི་དཀྱིལ་དུ་མཁའ་གྲུའི་ནང་དུ་རྡུལ་ཕྲན་གྱི་ཆུ་ཚོད་བཞག་ནས་བརྟག་དཔྱད་ ཐོག་གཏན་འཁེལ་ཆགས་ཚར་བ་ཞིག་རེད། གས་འཐོར་ཆེན་མོ་དེ་སྔར་ནས་ཡོད་པའི་བར་སྣང་ཞིག་ལས་དུས་ཀྱི་དུམ་མཚམས་ཞིག་ལ་ཐོལ་གྱིས་བྱུང་བ་མ་ཡིན་པར་བར་སྣང་དང་དུས་གཉིས་ཀ་གས་འཐོར་ཆེན་མོ་ལས་བྱུང་བར་འདོད་པ་ཡིན།
ང་ཚོའི་འཇིག་རྟེན་འདིའི་དུས་དང་བར་སྣང་ནི་འཇིག་རྟེན་འདིའི་ཁྱད་ཆོས་ཙམ་ཞིག་ཡིན་པས་འགོ་འཛུགས་པ་ཡང་འཇིག་རྟེན་འདི་དང་མཉམ་དུ་བྱུང་བ་ལས་དེའི་སྔོན་དུ་མེད། གས་འཐོར་ཆེན་མོའི་གོང་དུ་ཞེས་དུས་ཚོད་ཅིག་བཞག་ན་དུས་ཚོད་དེ་སུ་དང་གང་ལ་ཡང་མ་འབྲེལ་བས་གོ་རྒྱུ་མེད། དུས་ཞེས་པ་བྱུང་བ་ཞིག་ལ་མ་སྦྱར་ན་བཤད་དུ་མེད་པས་སོ། །
ནང་པ་ཚོར་ནང་པའི་ལྟ་གྲུབ་ཀྱི་ཤན་ཤུགས་ཀྱི་དབང་གིས་འདི་ལྟར་བསམ་སྲིད་དེ། གས་འཐོར་ཆེན་མོ་འབྱུང་སའི་ས་གནས་ཤིག་ཡོད་དགོས། དེ་ཡོད་ན་གནས་དེར་གཟུགས་ཅན་གཞན་མེད་ན་སྟོང་སང་གི་གོ་ས་ཞིག་ཡོད་དགོས། དེ་མེད་ན་གཟུགས་མེད་ནུས་པ་རྐྱང་པ་དེ་གང་དུ་འབྱུང་སའི་གནས་མེད་པར་ཐལ་བས་སོ། ཡོད་ན་སྟོང་སང་དེ་ནི་བར་སྣང་ཡིན་ལ་གས་འཐོར་ཆེན་མོ་མ་བྱུང་གོང་ནས་ཡོད་པས་བར་སྣང་དེ་གས་འཐོར་ཆེན་མོ་ལས་བྱུང་བ་འགལ་ལོ།། ཞེས་པ་དང་།
དུས་ལ་ཐོག་མ་ཞིག་ཇི་ལྟར་འཇོག དེ་རིང་གི་སྔོན་ལ་ཁ་སང་གྲུབ། དེའི་སྔོན་ལ་ན་ནིང་གྲུབ་པ་བཞིན་ཡར་དེད་དེ་སོང་བ་ཡིན་ན་གས་འཐོར་ཆེན་མོ་མ་གྲུབ་གོང་ལ་དེའི་རྒྱུར་གྱུར་པའི་གཟུགས་མེད་ནུས་རྐྱང་དེ་གྲུབ། གཟུགས་མེད་ནུས་རྐྱང་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་བྱུང་བར་མི་འཐད་པས་དེའི་རྒྱུ་དུས་ཤིག་ཁས་མི་ལེན་ཐབས་མེད་ཡིན་ཞིང་། དེ་ཁས་བླངས་ན་དུས་ཟེར་བ་འདི་གས་འཐོར་ཆེན་མོའི་གོང་ལ་མེད་པར་ཁས་བླངས་པ་དང་འགལ་ལོ།། ཞེས་བསམ་གྱི་རེད།
འདི་ནི་དུས་ཞེས་པ་བྱུང་བ་ཚང་མ་སྦྲེལ་ཡོད་པའི་ཐུན་མོང་གི་རྒྱུན་ཐག་གཅིག་མ་གཏོགས་དངོས་པོ་སོ་སོའི་བྱུང་བ་སོ་སོ་ལ་དུས་ཚོད་སོ་སོ་ནས་འཇོག་སྟངས་བློ་ངོར་འཆར་མ་ཐུབ་པ་རེད། བར་སྣང་ཐོག་གི་བསམ་ཚུལ་དེ་ཡང་ད་ལྟའི་ང་ཚོའི་ལག་ལེན་གྱི་མྱོང་བ་དང་ལྟ་གྲུབ་ལ་གཞི་བཅོལ་ནས་གས་འཐོར་ཡོང་སའི་གནས་ལ་གོ་ས་འཛིན་པའི་བར་སྣང་ཞིག་སྔར་ནས་མེད་ན་མི་འགྲིག་པར་བསམས་པ་རེད། དེས་ན་འཇིག་རྟེན་འདིའི་དབང་དུ་བྱས་པའི་དུས་དང་བར་སྣང་གི་རིགས་འདྲའི་རྒྱུན་སྔ་མ་ཞིག་འཇིག་རྟེན་འདི་མ་གྲུབ་གོང་ནས་འཇོག་མི་དགོས་པ་དང་། དུས་ཀྱི་བསྣར་འཁུམ་དང་བར་སྣང་གི་གུག་ཆ་སོགས་ཚན་རིག་གི་བཤད་སྟངས་འདི་རིགས་ལ་བསམ་བློ་གཏོང་དུས། རང་ལ་ཡོད་པའི་ནང་པའི་ལྟ་གྲུབ་དེ་རེ་ཞིག་ཟུར་ལ་བཞག་ནས་དཔྱད་པ་བྱེད་དགོས་པ་གལ་ཆེ་བ་ཡིན་ནོ།།
འདི་ནི་ནང་ཆོས་དང་ཚན་རིག་གླེང་སྟེགས་ཀྱི་ཚོགས་གཙོའི་མིང་འཛིན་དཀར་པོ་ཆིག་ཐུབ་དང་མིང་གཞན་རྔ་བ་ཤེས་རབ་ཀྱིས་ཕྱི་ལོ ༢༠༡༥ ཟླ ༧ ཚེས་ ༦ ཉིན།