ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར།

hello

དྲི་བ་འདི་སྟབས་བདེ་བོ་ཞིག་ཡིན་རུང་ལན་འདེབས་རྒྱུ་ལས་སླ་བོ་ཞིག་མིན། འགའ་ཞིག་གིས་ཚན་རིག་ནི་རང་བྱུང་གི་འཇིག་རྟེན་རྟོགས་པར་བྱེད་པའི་ཐབས་ལམ་ཞིག་རེད་ཅེས་ཟེར། འོན་ཀྱང་ལན་དེས་སྤྱི་བམ་ཙམ་ལས་ཚན་རིག་གི་སྡེ་ཚན་ཚང་མ་ལ་ཁྱབ་ཐུབ་ཅིང་ཚན་རིག་ལ་ཚང་དགོས་པའི་ཁྱད་པར་གང་ཡང་སྟོན་ཐུབ་མེད་ལ་ཁྱབ་ཆེ་བའི་སྐྱོན་ཡོད་པ་རེད།

ཚན་རིག་ཅེས་པ་གང་འདྲ་ཞིག་ལ་གོ་དགོས་པ་ཤེས་པ་ལ་ཚན་རིག་གི་ཁྱད་ཆོས་དམིགས་བསལ་པ་གང་ཡོད་ཚང་མ་ངེས་དགོས། དེ་ངེས་ན་གང་ཞིག་ཚན་རིག་ཡིན་དང་གང་ཞིག་ཚན་རིག་མ་ཡིན་པའི་ས་མཚམས་དབྱེ་ཐུབ་ངེས་ཡིན། དེ་ལྟར་ན་དེ་རིང་གི་བགྲོ་གླེང་བརྗོད་གཞིའི་ཐོག་ནས་ཚན་རིག་གི་ཁྱད་ཆོས་འགའ་ཞིག་ལ་བསམ་གཞིགས་བྱས་ཏེ་ཡང་སྙིང་ཚན་རིག་ཅེས་པ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་པ་ལ་གོ་བ་ལེན་ཨེ་ཐུབ་བལྟ་རྒྱུ་ཡིན།

ཚན་རིག་གི་བྱེད་ཐབས་ཡན་ལག

༡༽ རྟོག་ཞིབ།

རྟོག་ཞིབ་ཅེས་པ་སྒོ་ལྔའི་དབང་ཤེས་བརྒྱུད་ནས་བསྡུས་པའི་གནས་ཚུལ་ཞིག་རེད། དཔེར་ན། གྲོང་སྡེའི་ནང་གི་རྒྱུགས་ཆུ་འཐུང་མཁན་ཡུལ་མི་མང་པོ་ལ་ཕོ་བའི་ནད་གཞི་ཞིག་ཕོག་པ་མཐོང་ཐོས་བྱུང་བ་ལྟ་བུ། རྟོག་ཞིབ་ལ་ངེས་པར་མིག་རྗེན་པས་མཐོང་བ་ཞིག་མི་དགོས་པར་འཕྲུལ་ཆས་བརྒྱུད་ནས་རྟོག་ཞིབ་བྱུང་བ་ཡང་ཡོད་ཆོག རྟོག་ཞིབ་ལ་ཁྱད་ཆོས་དང་རྣམ་གྲངས་ཞེས་རིགས་གཉིས་འབྱེད་ཀྱི་ཡོད།

ཁྱད་ཆོས་ཀྱིས་རྟོག་ཞིབ་ཅི་ཞིག་བྱུང་བར་འགྲེལ་བཤད་རྒྱག དཔེར་ན། ཧོབ་ལེ་ནས་ལྡི་ལི་བར་ལམ་ཐག་རིང་པོ་ཡོད་ཅེས་པ་ལྟ་བུ།
རྣམ་གྲངས་ཀྱིས་རྟོག་ཞིབ་བྱུང་བ་དེར་གྲངས་རིག་ཐོག་ནས་ཚད་འཇལ་བྱེད་པ་ཡིན། དཔེར་ན། ཧོབ་ལེ་ནས་ལྡི་ལི་བར་རྒྱང་ཐག་སྤྱི་ལེ་སྟོང་ཕྲག་གསུམ་འདུག་ཅེས་པ་ལྟ་བུ། རྟོག་ཞིབ་གཉིས་ལས་ཕྱི་མ་འདི་ཚད་འཇལ་བྱེད་པ་བདེ་བས་ཚན་རིག་པ་ཚོས་ཁྱད་ཆོས་རྟོག་ཞིབ་བྱུང་བ་དེ་རྣམ་གྲངས་ཐོག་བསྒྱུར་ནས་ཞིབ་འཇུག་བྱེད་ཀྱི་ཡོད།

༢༽ དྲི་བརྩད།

རྟོག་ཞིབ་ཀྱིས་ཁྱེད་ལ་ཉམས་ཞིབ་བྱེད་འདོད་པའི་དཀའ་རྙོག་གི་དྲི་བ་སློང་གི་ཡོད། དེ་ནི་དཔེར་ན། འདིས་ཇི་ལྟར་ལས་ཀ་བྱེད། འདི་འདྲ་ཞིག་རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་ཆགས་པ་ཡིན་ནམ། མི་གཞན་གྱིས་འདི་ཇི་ལྟར་རྟོགས་པར་བྱེད།  ཅེས་པ་ལྟ་བུའི་རྟོག་ཞིབ་ལ་བརྟེན་པའི་དཀའ་རྙོག་ཅན་གྱི་དྲི་བ་མང་པོ་ཡོང་བ་དང་། གོང་གི་རྟོག་ཞིབ་དང་སྦྱར་ན། ཡུལ་མི་མང་པོ་ལ་ཕོ་བའི་ནད་གཞི་ཕོག་པ་དེ་རྒྱུགས་ཆུ་འཐུང་བ་ལ་བརྟེན་ནས་བྱུང་བ་ཡིན་ནམ། ཞེས་པ་ལྟ་བུ།

༣༽ ཚོད་གཞག

ཚོད་གཞག་ནི་རང་གི་རྟོག་ཞིབ་བྱུང་བའི་གནས་ཚུལ་དེའི་རྒྱུ་རྐྱེན་དེ་དང་འདི་ཡིན་སྲིད་ཅེས་ཚོད་དཔག་བྱེད་པ་སྟེ། རྟོག་ཞིབ་ཀྱི་ལམ་ནས་བདེན་དཔང་ལ་གཞི་བཅོལ་བ་དང་ཚོད་ལྟ་བྱེད་རུང་གི་འགྲེལ་བཤད་ཅིག་ཡིན། རྟོག་ཞིབ་བྱུང་བའི་དངོས་པོ་གསེད་དཀྲོལ་བྱེད་པར་ཚན་རིག་པ་ཚོས་འགྲེལ་བཤད་མང་པོ་བཟོ་གི་ཡོད། ཚོད་གཞག་དེ་ “འཁྲུལ་བར་བསྒྲུབ་རུང” ཞིག་ཡིན་པ་སྟེ། དེ་ལ་ཚན་རིག་པ་གཞན་གྱིས་ཚོད་ལྟའི་བརྟག་དཔྱད་ཀྱི་ཐོག་ནས་འཁྲུལ་ན་འཁྲུལ་བ་ཡིན་པ་སྒྲུབ་ཐུབ་པ་ཞིག་དགོས། དཔེ་ཞིག་བཞག་ན། ཁྱེད་རང་སྔར་སོང་མ་མྱོང་བའི་རྒྱལ་ཁབ་ཅིག་གི་ནང་གསར་དུ་འབྱོར་བ་དང་། ཁྱེད་ལ་རྟོག་ཞིབ་བྱུང་བའི་རྒྱལ་ཁབ་དེའི་ལུག་ཚང་མ་ཁ་དོག་དཀར་པོ་རྐྱང་པ་ཡིན་ན། ཁྱེད་ཀྱིས་རྒྱལ་ཁབ་འདིའི་ལུགས་ཡོད་ཚད་དཀར་པོ་ཡིན་ཞེས་བཤད་སྲིད། དེ་ལ་ཚོད་བཞག་ཟེར། གལ་སྲིད་རྒྱལ་ཁབ་དེའི་ལུག་ནག་པོ་ཞིག་རྟོག་ཞིབ་བྱུང་བ་ཡིན་ན་ཚོད་དཔག་དེ་འཁྲུལ་བ་ཡིན་པ་མི་སུ་འདྲ་ཞིག་ཡིན་ཡང་སྒྲུབ་ཐུབ་པ་ལྟ་བུ་རེད།

རྟོག་ཞིབ་ལ་བརྟེན་ནས་ཚོད་གཞག་བཟོ་བ་དང་རྣམ་གཞག་འཇོག་པར་རྟགས་དང་རྒྱུ་མཚན་ལ་བརྟེན་པའི་རྗེས་དཔག་གི་གཏན་ཚིགས་བེད་སྤྱོད་གཏོང་གི་ཡོད། རྗེས་དཔག་ནི་རང་གི་འདས་པའི་ཉམས་མྱོང་དང་། རྒྱུ་མཚན་དང་བདེན་དཔང་ལ་གཞི་བཅོལ་ནས་རྟོག་ཞིབ་ལ་འགྲེལ་བཤད་བཟོ་བྱེད་ཡིན། རྗེས་དཔག་གིས་སྔར་ཡོད་པའི་ཤེས་རྒྱ་རྙིང་པ་ལ་གཞི་བཅོལ་ནས་ཤེས་རྒྱ་གསར་པ་སྐྱེད་པར་བྱེད་པར་འདོད་མོད། བརྟག་དཔྱད་བརྒྱུད་ནས་རྟོག་ཞིབ་གསར་པ་ཞིག་བྱུང་ན་རྗེས་དཔག་ཀྱང་འགྱུར་བ་འགྲོ་ཆོག་པ་ལས་ཡུལ་མཐའ་གཅིག་ཏུ་ངེས་པའི་རང་བཞིན་ཅན་ཞིག་མིན།  དེར་བརྟེན་རྗེས་དཔག་གིས་རང་ཡུལ་ལ་ཡིད་ཆེས་ཀྱི་ཚོད་དཔག་གི་གཏན་འབེབས་ཅིག་བྱེད་པ་མ་གཏོགས་ཡུལ་གྱི་བདེན་པ་དེ་དུས་རྟག་ཏུ་དེ་ལས་གཞན་དུ་འདའ་བ་མེད་པའི་ཚུལ་གྱིས་ངེས་རྟོགས་བྱེད་ཀྱི་མེད།
རྗེས་དཔག་གསུམ།
སྤྱི་ལས་ཁྱད་པར་དཔོག་པའི་རྗེས་དཔག་དང་། ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག རྣམ་བཤད་ཁྱད་པར་ཅན་གྱི་རྗེས་དཔག་གསུམ། སྤྱི་ལས་བྱེ་བྲག་དཔོག་པའི་རྗེས་དཔག་གི་རྟེན་གྱི་བརྗོད་པ་ཡིན་ན། རྒྱུ་མཚན་བདེན་པ་ཡིན་ཚེ་མཐའ་སྡོམ་ངེས་པར་བདེན་པ་ཡིན་དགོས། བྱེ་བྲག་ལས་སྤྱི་དཔོག་པའི་རྗེས་དཔག་གི་རྟེན་གྱི་བརྗོད་པ་ཡིན་ན། རྒྱུ་མཚན་བདེན་པ་ཡིན་ཚེ་མཐའ་སྡོམ་བདེན་པ་ཡིན་ཤས་ཆེ་བ་ལས་ཡིན་པའི་ངེས་པ་མི་སྟོན།
སྤྱི་ལས་ཁྱད་པར་དཔོག་པའི་རྗེས་དཔག
སྤྱི་བཏང་གི་བརྗོད་པ་ཞིག་གི་ཐོག་ནས་བདེན་པ་གཅིག་གཏན་ལ་འབེབས་པར་ཞུགས་པ་སྟེ། ལྷ་སའི་མི་ཚང་མས་ཆང་འཐུང་། བཀྲ་ཤིས་ལྷ་ས་ནས་རེད། དེར་བརྟེན་བཀྲ་ཤིས་ཀྱིས་ཆང་འཐུང་། ཞེས་པ་ལྟ་བུ། བརྗོད་པ་སྔ་མ་གཉིས་ལ་རྒྱུ་མཚན་ཟེར་ཞིང་། བརྗོད་པ་ཐ་མ་ལ་མཐའ་སྡོམ་ཟེར། འདི་ལ་གལ་སྲིད་བརྗོད་པ་སྔ་མ་གཉིས་བདེན་པ་ཡིན་ན། བརྗོད་པ་ཐ་མ་ངེས་པར་དུ་བདེན་པ་ཡིན། དཔེ་གཞན། བྱས་པ་ཚང་མ་མི་རྟག་པ་ཡིན། སྒྲ་བྱས་པ་ཡིན། དེར་བརྟེན་སྒྲ་མི་རྟག་ཅེས་པ་ལྟ་བུ། གལ་ཏེ་མཐའ་སྡོམ་ནོར་བ་ཡིན་ན་རྒྱུ་མཚན་གང་རུང་ཞིག་མི་བདེན་པ་ཆགས་ཡོད།

ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག

བདེན་པ་འགའ་ཞིག་གི་ཐོག་ནས་ཧ་ཅང་བདེན་སྲིད་པའི་སྤྱིར་བཏང་གི་བརྗོད་པ་ཞིག་གཏན་ལ་འབེབས་པར་ཞུགས་པ་སྟེ། ད་བར་གཟའ་ཉི་མ་ལ་གཞུང་གི་ལས་བྱེད་ཚོར་གུང་གསེང་གཏོང་གི་ཡོད། སང་ཉིན་གཟའ་ཉི་མ་རེད། དེར་བརྟེན་སང་ཉིན་གུང་གསེང་གཏོང་གི་རེད། ཅེས་པ་ལྟ་བུ། འདི་ལ་བརྗོད་པ་སྔ་མ་གཉིས་བདེན་ན་བརྗོད་པ་ཐ་མ་མཐའ་སྡོམ་དེ་ཡང་བདེན་ཤས་ཆེ་བ་ཡིན་པ་སྟོན་གྱི་བདེན་ངེས་ཡིན་པ་མི་སྟོན། དེར་བརྟེན་རྒྱུ་མཚན་བདེན་པ་དང་མཐའ་སྡོམ་ནོར་བའི་གནས་སྟངས་ཡོང་སྲིད་པ་ཡིན། དེའི་ཕྱིར་རྗེས་དཔག་སྔ་མ་དང་མི་འདྲ། ཧུམ་གྱིས་བཞག་པའི་སྲོལ་རྒྱུན་གྱི་དཔེ་བརྗོད་ནི། སྔར་ནས་ད་བར་དུ་ཞོགས་པ་རྟག་པར་ཉི་མ་ཤར་ཕྱོགས་ནས་ཤར་ཡོང་གི་ཡོད། དེར་བརྟེན་སང་ཞོགས་ཀྱང་ཤར་ཕྱོགས་ནས་ཉི་མ་ཤར་ཡོང་གི་རེད། ཅེས་རྒྱུ་མཚན་གཅིག་དང་མཐའ་སྡོམ་གཅིག་གི་ཐོག་ནས་བཤད།

རྣམ་གཤད་ཁྱད་པར་འཕགས་པའི་རྗེས་དཔག

གཉེར་ཚང་ནང་གི་ཕྱུར་བ་བརླགས་འདུག མདང་དགོང་གཉེར་ཚང་ནང་དུ་འབྲད་འབྲད་གཏོང་བའི་སྒྲ་གོ་རྒྱུ་འདུག དེར་བརྟེན་ཕྱུར་བ་དེ་དག་ཙི་ཙི་ཡིས་ཟོས་པ་ཡིན་ངེས། ཞེས་པ་ལྟ་བུ། འདི་སྤྱི་ལས་ཁྱད་པར་དཔོག་ཚུལ་མིན་པ་ནི་རྟེན་གྱིས་བརྗོད་པ་དག་གིས་མཐའ་སྡོམ་གྱི་བརྗོད་པ་ལ་བདེན་ངེས་པའི་ཡིད་ཆེས་ཀྱི་བློ་འདྲེན་མི་ཐུབ་པའི་ཕྱིར་ཏེ། བརླགས་པའི་ཕྱུར་བ་རྣམས་གཡོག་མོས་བརྐུས་ནས་ཙི་ཙི་ལྟར་བཅོས་པ་ཡིན་སྲིད་པའི་ཕྱིར། འདི་ལ་རྣམ་བཤད་མང་དུ་བྱ་བ་ཡོད་ཀྱང་ཡག་ཤོས་ཙི་ཙི་ཡིས་ཟོས་པ་རེད་ཅེས་པ་དེ་ཡིན་པས་རྣམ་བཤད་ཁྱད་པར་ཅན་དང་རྣམ་བཤད་ལེགས་ཤོས་སྦྱིན་པའི་རྗེས་དཔག་ཟེར།

རྗེས་དཔག་འདི་དང་ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག་གཉིས་ལ་ཁྱད་པར་མི་འབྱེད་ཀྱང་དོན་དངོས་ཐོག་དེ་གཉིས་ཁ་ཁར་ཡོད་པ་སྟེ། ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག་གི་གཏན་ཚིགས་འདྲེན་ལུགས་ལ། རིགས་གཅིག་གི་དངོས་པོའི་ཁུངས་ནས་སྔར་ཚོད་ལྟ་བྱས་ཟིན་པའི་མཚན་གཞིའི་དངོས་པོ་ལ་བརྟེན་ནས་ཚོད་ལྟ་བྱས་མ་ཟིན་པའི་དངོས་པོ་དག་གི་རིགས་འདྲའི་ཁྱད་པར་ལ་རྗེས་སུ་དཔོག་པའི་ཚོད་དཔག་འདྲེན་པར་བྱེད་ལ། གཏན་ཚིགས་འདི་ལ་ཁྱད་པར་དེ་མེད་པའི་ཕྱིར། འཕེལ་འགྱུར་སྨྲ་བའི་ཚན་རིག་པ་དྲར་ཝིན་གྱིས་གཏན་ཚིགས་འདི་བེད་སྤྱོད་བཏང་ནས་སྲོག་ཆགས་ཀྱི་སྐྱེ་ཁུངས་དང་རིགས་རྒྱུད་མཆེད་སྟངས་གཏན་འབེབས་བྱས་ཡོད།

དེ་ལྟར་ན་ཚན་རིག་ནང་ཡུལ་ལ་མངོན་སུམ་དང་རྗེས་དཔག་གི་ཡུལ་གཉིས་ཀ་འདོད་ཀྱང་མངོན་སུམ་ལ་དབང་མངོན་ཙམ་མ་གཏོགས་མངོན་སུམ་གཞན་མི་བཤད་པ་དང་། དབང་མངོན་ལ་བརྟེན་པའི་ཡིད་ཆེས་རྣམས་ཀྱང་རྗེས་དཔག་ལྟར་ཚོད་གཞག་འདྲ་བོ་ཞིག་ལ་ལྟ་དགོས་ཀྱི་ཡོད།

ལྟ་གྲུབ་སྨྲ་བ་ཧུམ་གྱི་རྩོད་པ།

ཁྱད་པར་ལས་སྤྱི་དཔོག་པའི་གཏན་ཚིགས་འདི་ལ་སྐྱོན་བརྗོད་གནང་མཁན་ཚོའི་ནང་ནས་གྲགས་ཆེ་ཤོས་ནི་ཧུམ་ཡིན། ཁོང་གི་རྩོད་པ་ནི། སྒྲུབ་བྱེད་ཚང་མར་སྤྱི་ལས་བྱེ་བྲག་གམ་ཡང་ན་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ལ་བརྟེན་དགོས། བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཀྱི་སྒྲུབ་བྱེད་དུ་སྤྱི་ལས་བྱེ་བྲག་དཔོག་པའི་གཏན་ཚིགས་འགོད་རྒྱུ་མེད། དེ་བཞིན་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཀྱི་སྒྲུབ་བྱེད་དུ་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་བཀོད་ན་བསྒྲུབ་བྱ་སྒྲུབ་བྱེད་དུ་འགྱུར། དེར་བརྟེན་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཟེར་བ་དེ་སྒྲུབ་ཐབས་མེད་པ་ཞིག་རེད། ཅེས་རྩོད་པ་དང་།

དེ་ལྟར་བསྒྲུབ་བྱ་སྒྲུབ་བྱེད་དུ་མ་བཟུང་བར་དེ་ཉིད་བདེན་པའི་སྒྲུབ་བྱེད་དངོས་མྱོང་གི་དཔང་རྟགས་ཁུངས་བཙན་གང་ཡང་སྟོན་རྒྱུ་མེད། དེས་ན་འཇིག་རྟེན་གྱི་ཁས་ལེན་ཙམ་ལས་རྟེན་གཞི་བཙན་པོ་མེད་པ་དེ་འདྲའི་གཏན་ཚིགས་འདྲེན་ལུགས་ལ་འཆང་བའི་ཡིད་ཆེས་ཀྱི་གདེང་ཚོད་ནི་རྨོངས་དད་ཙམ་དུ་ཟད་དོ།།

ཞེས་རྒྱུ་མཚན་ཁག་ཁ་ཤས་ལ་བརྟེན་ནས་བྱེ་བྲག་ལས་སྤྱི་དཔོག་པའི་གཏན་ཚིགས་ཡང་དག་ཅིག་སྒྲུབ་ཐབས་མེད་པ་དང་། དེ་འཁྲུལ་བ་ཅན་ཡིན་ཟེར། ཚན་རིག་གི་ལྟ་གྲུབ་སྨྲ་བ་པོབ་པར་གྱིས་ཧུམ་གྱི་བཤད་པ་ཁས་ལེན་བྱེད་ཀྱི་ཡོད། ཁོང་གིས་བྱེ་བྲག་ལས་སྤྱི་དཔོག་པའི་རྗེས་དཔག་གི་གཏན་ཚིགས་ནི་ཡང་དག་མ་ཡིན་ལ། སྤྱི་ལས་བྱེ་བྲག་དཔོག་པའི་གཏན་ཚིགས་ཀྱི་བརྗོད་པ་འཐད་ལྡན་ཞིག་གིས་རྣམ་བཞག་ཡང་དག་ཡིན་པ་སྟོན་གྱི་མེད་ཀྱང་དེས་རྣམ་བཞག་གང་ཡང་འཁྲུལ་བ་ཡིན་པ་སྒྲུབ་ཐུབ། ཅེས་བཞད་པ་རེད།
ཧུམ་གྱི་རྩོད་པ་དེས་ཚན་རིག་གི་ལྟ་གྲུབ་སྨྲ་བའི་ནང་ཤུགས་རྐྱེན་ཆེན་པོ་ཐེབས། ད་ལྟའི་བར་དུ་དེ་ལ་ལན་འདེབས་མཁན་ལྟ་གྲུབ་སྨྲ་བ་མང་ཡང་སྤྱི་མོས་ཀྱི་ལན་དོན་ལྡན་ཞིག་མེད་པ་རེད། དཔེར་ན་ཁྲིམས་དེ་ཁྲིམས་མཐུན་ཡིན་མིན་བཤད་པ་ལྟར་སྙིང་པོ་མེད་པའི་རྩོད་པ་རེད་ཟེར་བ་དང་། གཏན་ཚིགས་འདྲེན་ལུགས་དེ་དག་སྐྱེལ་ཐུབ་མིན་བཤད་པ་གོ་རྒྱུ་མེད་ཟེར་བ། འདི་ལ་ལན་ཐོབ་པར་རེ་བ་ནི་ནམ་མཁའི་ཟླ་བ་ཐོབ་རེ་བྱེད་པ་དང་མཚུངས་པར་བཤད་པ་སོགས་སོ།།
ཚན་རིག་ནང་རྟོག་ཞིབ་ལ་བརྟེན་ནས་རྣམ་གཞག་འཇོག་པར་ཁྱད་པར་ལས་སྤྱི་དཔོག་པའི་རྗེས་དཔག་ཤུགས་ཆེན་པོར་བེད་སྤྱོད་བྱེད་ཀྱི་ཡོད་པས་ཚན་རིག་ལ་ཡིད་རྟོན་བྱ་མི་རིགས་སམ་ཞེ་ན། ཁྱད་པར་ལས་སྤྱི་དཔོག་པའི་རྟགས་ཀྱི་སྦྱོར་བའི་རྟེན་གྱི་བརྗོད་པ་དག་གིས་སྦྱོར་བ་མཐའ་སྡོམ་ལ་བདེན་པ་ཡིན་པའི་ཁག་ཐེག་མི་བྱེད་ན་ཡང་བདེན་ཤས་ཆེ་བར་སྟོན་ཐུབ་ཀྱི་ཡོད། དེའི་ཕྱིར་རྗེས་དཔག་འདི་ལ་བརྟེན་པའི་ཚན་རིག་གི་གྲུབ་དོན་རྣམས་ཐག་བཅད་གཏན་ཁེལ་བ་ཞིག་མིན་ཡང་ཧ་ཅང་ཡིན་ཤས་ཆེ་བར་ལྟ་ཆོག་པ་རེད། གཏན་ཚིགས་འདྲེན་ལུགས་འདི་བཀོལ་སྤྱོད་བྱས་ནས་ད་བར་ཚན་རིག་གི་གྲུབ་འབྲས་རྡུལ་ཕྲན་དུམ་བུར་བཏང་བ་དང་། ཟླ་བའི་ནང་དུ་སྐྱོད་པ། གློག་ཀླད་བཟོས་པ་སོགས་གྲངས་ཀྱིས་མི་ལོངས་པའི་གསར་བཏོད་བྱས་ཡོད།
སྔོན་དཔག

ཚོད་བཞག་གིས་གཏན་ཚིགས་བཀོད་པ་གཞི་ལ་བཞག་ནས་སྔོན་དཔག་བྱེད་འཇུག་གི་ཡོད། དེ་ཡང་ཚོད་གཞག་ལ་བརྟག་དཔྱད་ཐོག་ནས་འདོར་བར་བྱ་བའི་འགྲེལ་བཤད་དང་། མི་འདོར་བར་ཡང་ནས་བསྐྱར་དུ་བརྟག་དཔྱད་བྱས་ཏེ་བཞག་པའི་འགྲེལ་བཤད་ཅིག་སྟེ་རིགས་གཉིས་ཡོད། ཚོད་གཞག་ཕྱི་མ་འདི་ལ་བརྟེན་ཅིང་སྔར་གྱི་མྱོང་བར་གཞི་བཅོལ་ནས་འདི་བྱས་ན་འདི་ལྟར་འབྱུང་ཞེས་རྗེས་སུ་གང་འབྱུང་རྒྱུ་ཡིན་པ་ཚོད་དཔག་བྱེད་པ་ལ་སྔོན་དཔག་ཟེར། དེ་ལ་གོང་གསལ་རྗེས་དཔག་དང་རྣམ་བཞག་ཅི་རིགས་བཀོལ་ཆོག དཔེར་ན། གལ་སྲིད་རྒྱུགས་ཆུ་དེ་འཐུང་བ་མཚམས་བཞག་ན་ཡུལ་མི་ལ་ཕོ་བའི་ནད་གཞི་དེ་ཇེ་ཉུང་དུ་འགྲོ་ངེས་ཞེས་པ་ལྟ་བུ།

༤༽ བརྟག་དཔྱད།
བརྟག་དཔྱད་ཅེས་པ་ནི་སྔོན་དཔག་བྱས་པ་དེ་བདེན་དང་མི་བདེན་ལག་ལེན་གྱི་ཐོག་ནས་དངོས་སུ་ཚོད་ལྟ་བྱེད་པ་ལ་ཟེར། གལ་སྲིད་བརྟག་དཔྱད་གྱི་གྲུབ་འབྲས་ལས་སྔོན་དཔག་དེ་ནོར་བ་ཡིན་པ་ར་སྤྲོད་བྱུང་ན། སྔར་རྟོག་ཞིབ་བརྒྱུད་ནས་བཟོས་པའི་རྣམ་བཞག་གི་ཆ་ཤས་འགའ་ཞིག་ངེས་པར་ནོར་འཁྲུལ་བྱུང་བ་བསྟན་པ་རེད། དེའི་ཕྱིར་རྣམ་གཞག་གསར་པ་བཟོ་དགོས་ཀྱི་ཡོད། ང་ཚོས་རིགས་པར་བསམ་བློ་བཏང་ནས་སེམས་ཀྱིས་དཔྱད་པ་བྱེད་པ་ནི་སྐབས་འདིའི་བརྟག་དཔྱད་མིན་པར་གོང་གི་ཚོད་གཞག་ཁོངས་སུ་འགྲོ་བ་ཡིན།

བརྟག་དཔྱད་དེ་ལམ་ལྷོངས་ཕྱིན་མེད་ན་བརྟག་དཔྱད་གསར་པ་གོ་སྒྲིག་བྱེད་དགོས། མཚམས་རེར་དཀའ་རྙོག་མ་སེལ་གོང་ལ་བརྟག་དཔྱད་ཀྱི་ཐོག་ནས་ཚོད་གཞག་ཁ་ཤས་ནོར་བ་བསྟན་གྱི་ཡོད། བརྟག་དཔྱད་གྱི་གྲུབ་འབྲས་དེ་དག་རྣམ་གྲངས་ཐོག་ཚད་འཇལ་རུང་བ་ཞིག་དགོས། དཔེ་ཞིག་བཞག་ན། རྟོག་ཞིབ་དཔེ། ནས་ཞིང་གཅིག་གི་ནང་གི་ནས་ཀྱི་སྙེ་མ་ཁག་གཅིག་ཁག་གཞན་ལ་ལྟོས་ཏེ་རིང་པོ་སྐྱེས་འདུག ཚོད་གཞག་གི་དཔེ། ཚྭ་ལུད་མང་བ་བརྒྱབ་ཡོད་ས་དེ་ཚྭ་ལུད་བརྒྱབ་མེད་ས་ལས་རིང་བ་ཆགས་པ་ཡིན། དེ་ནས་ཚོད་བཞག་དེ་ཐིག་མ་ཐིག་གནས་ཚུལ་སྟངས་འཛིན་འོག་བརྟག་དཔྱད་བྱེད་པ་ལ།

བརྟག་དཔྱད་འཆར་འགོད་བྱེད་པར་སྡེ་ཁག་གཉིས་བཟོ་དགོས། སྟངས་འཛིན་སྡེ་ཁག་དང་བརྟག་དཔྱད་སྡེ་ཁག་གོ། སྡེ་ཁག་གཉིས་ཀྱི་བར་ལ་ཁྱད་པར་གཅིག་ལས་མེད་པ་བཟོ་དགོས། སྟངས་འཛིན་སྡེ་ཁག་སྐྱོང་ཚུལ་སྤྱིར་བཏང་བ་བྱེད་པ་སྟེ། དེ་ལ་ཉི་འོད་དང་ཆུ་དང་ས་ཙམ་ཐོབ་པར་བྱེད། བརྟག་དཔྱད་སྡེ་ཁག་ལ་དེ་དག་གི་སྟེང་དུ་རང་དབང་གི་འགྱུར་ཚད་སྣོན་དགོས། སྐབས་འདིར་རང་དབང་གི་འགྱུར་ཚད་ནི་ཚྭ་ལུད་ཆགས་ཡོད།

ཉི་འོད་དང་། ཆུ། ས་བཅས་ལ་བརྟན་པའི་འགྱུར་ཚད་ཟེར། འདི་དག་སྡེ་ཁག་གཉིས་ཀར་ཆ་རྐྱེན་གཅིག་མཚུངས་ཐོག་ལྡན་ཡོད། ཚྭ་ལུད་ལ་རང་དབང་ཅན་གྱི་འགྱུར་ཚད་ཟེར། བརྟག་དཔྱད་བྱེད་པོས་སྡེ་ཁག་བར་མི་འདྲ་བའི་ཁྱད་ཆོས་གཅིག་ཁོ་ན་འཇུག་རྒྱུ་དེ་ཡིན། འདི་ལ་རང་དབང་ཅན་ཟེར་བ་ནི་འགྱུར་བ་གང་འདྲ་གཏོང་མིན་གཞན་ལ་རག་ལས་ཀྱི་མེད་པས་ཡིན། འདི་གཙོ་བོ་རྒྱུ་རྐྱེན་ལ་བརྟག་བྱེད་ཡིན་ཏེ། བརྟག་དཔྱད་བྱེད་པོས་རྒྱུ་རྐྱེན་འདི་དང་འདིས་བྱས་སམ་སྙམ་པའི་དྭོགས་པ་སྐྱེ་སའི་གཞི་གང་རུང་ཞིག་ཡར་བཅུག་པ་ཡིན་པས་སོ།།

ལོ་ཏོག་རིང་ཚད་ལྟ་བུ་ལ་རང་དབང་ཅན་མ་ཡིན་པའི་འགྱུར་ཚད་ཟེར། དེ་ལ་འགྱུར་བ་གཏོང་བར་རྒྱུ་རྐྱེན་གཞན་ལ་འགྱུར་བ་འགྲོ་བ་ལ་རག་ལས་པས་རང་དབང་ཅན་མ་ཡིན་པ་ཟེར། འདི་གཙོ་བོ་འབྲས་བུ་ལ་བརྟག་བྱེད་ཡིན་ཏེ། བརྟག་དཔྱད་ཐོག་ཅི་ཞིག་འཇལ་བ་དང་། བརྟག་དཔྱད་ཀྱི་རིང་ལ་རང་དབང་ཅན་གྱི་འགྱུར་ཚད་ཀྱི་ཤུགས་རྐྱེན་ཅི་ཞིག་ཕྱིར་ཐོན་མིན་ལ་ལྟ་བས་སོ།། སྟངས་འཛིན་སྡེ་ཁག་ནི་རང་དབང་ཅན་གྱི་འགྱུར་ཚད་ཀྱིས་རང་དབང་ཅན་མ་ཡིན་པའི་འགྱུར་ཚད་ཀྱི་སྟེང་དུ་ཤན་ཤུགས་ཅི་ཐེབས་ངོས་འཛིན་བྱེད་པའི་ལྡེ་མིག་ལྟ་བུ་ཆགས་ཡོད།དེས་ན་རང་དབང་ཅན་གྱི་འགྱུར་ཚད་ཀྱིས“ངས་ཅི་ཞིག་འགྱུར་བ་བཏང”  ཞེས་པའི་དྲི་བ་ལ་ལན་འདེབས་བྱེད་པ་དང་། རང་དབང་ཅན་མ་ཡིན་པའི་འགྱུར་ཚད་ཀྱིས“ངས་ཅི་ཞིག་རྟོག་ཞིབ་བྱུང” ཞེས་པའི་དྲི་བ་ལ་ལན་འདེབས་བྱེད། སྟངས་འཛིན་འགྱུར་ཚད་ཀྱིས“ངས་ཅི་ཞིག་གཅིག་མཚུངས་སུ་ཉར” ཞེས་པའི་དྲི་བ་ལ་ལན་འདེབས་བྱེད་པ་ཡིན།

༥༽ རྣམ་གཞག

རང་གིས་བརྟག་དཔྱད་ཀྱི་གྲུབ་འབྲས་དང་ཚན་རིག་པ་གཞན་གྱིས་བརྟག་དཔྱད་མང་པོ་བྱས་པའི་གྲུབ་འབྲས་ཚང་མ་གཅིག་མཚུངས་ཀྱི་ཐོག་ནས་སྔོན་དཔག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་ཡིན་ན། རྣམ་གཞག་བཟོ་དགོས་ཀྱི་ཡོད། རྣམ་གཞག་ནི་བརྟག་དཔྱད་ལན་མང་བྱས་པའི་གྲུབ་དོན་ཡིན་ལ་ཀུན་ཁྱབ་ཁས་ལེན་བྱས་པའི་ཚོད་དཔག་ཅིག་ཀྱང་ཡིན། རྣམ་གཞག་འཇོག་པ་ལ་ངེས་པར་དུ་སྔར་གྱི་རྣམ་གཞག་བདེན་པ་ཁུངས་སྐྱེལ་བྱས་ཟིན་པ་དག་དང་མི་འགལ་བ་དང་། བདེན་དཔང་མང་པོའི་རྒྱབ་སྐྱོར་ཐོབ་དགོས་ལ། འཁྲུལ་བ་བསྒྲུབ་རུང་དང་བརྟག་དཔྱད་བྱ་རུང་ཡིན་དགོས། དེ་བཞིན་གནད་ལ་ཐིག་པ་དང་སྤྱི་ལ་ཁྱབ་པའི་རང་བཞིན་ཅན་ཞིག་ཡིན།

གཏན་ཁྲིམས།

ཚན་རིག་གི་གཏན་ཁྲིམས་ནི་རང་བྱུང་གི་འཇིག་རྟེན་གྱི་གཤིས་ཀར་སྔོན་དཔག་བྱེད་པར་ཚན་རིག་གི་རྣམ་གཞག་དང་འདྲ་ལ། གཏན་ཁྲིམས་དང་རྣམ་གཞག་གཉིས་པོ་གང་ཡིན་ཡང་རྟོག་ཞིབ་དང་བརྟག་དཔྱད་བྱས་པའི་བདེན་དཔང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་ཞིག་ཡིན། གཏན་ཁྲིམས་ཀྱིས་གནས་སྟངས་ངེས་ཅན་ཞིག་གི་འོག་རང་བྱུང་གི་གཤིས་ཀ་གང་འདྲ་ཞིག་བསྟན་པར་འགྱུར་བའི་ཁྲིམས་ཞིག་རྗོད་ཀྱི་ཡོད། རྣམ་བཞག་གིས་རང་བྱུང་གི་ལས་ཀ་དང་ཁྱད་ཆོས་གང་འདྲ་ཞིག་སྟོན་པའི་འགྲེལ་བཤད་མང་པོ་ཞིག་རྒྱག་པར་བྱེད།

རྣམ་གཞག་ཅིག་གིས་རྟོག་ཞིབ་ལ་འགྲེལ་བཤད་བརྒྱབ་ཡོད་མེད་ལ་མ་ལྟོས་པར་དེ་ལས་འགྲེལ་བཤད་ལེགས་པ་རྒྱག་ཐུབ་པའི་རྣམ་གཞག་གཞན་འཇོག་པ་ཡིན། ཚན་རིག་པ་ཚོས་རྣམ་གཞག་རྣམས་ཇེ་ལེགས་དང་ཡར་རྒྱས་ཡང་ཡང་གཏོང་དགོས་པར་འདོད་ཀྱི་ཡོད། གལ་སྲིད་རྣམ་གཞག་དེ་རྟོག་ཞིབ་གསར་པ་ཞིག་གི་ཐོག་ནས་ནོར་བ་བསྟན་པ་ཡིན་ན་བརྟག་དཔྱད་རང་གི་ལམ་ནས་ནོར་བ་ངོས་འཛིན་ཐུབ་པ་དང་དེ་བཅོས་ཐུབ་པ་ཞིག་དགོས་ཀྱི་ཡོད།

དེས་ན་ཚན་རིག་ཅེས་པ་ནི་རྟོག་ཞིབ་སོགས་ཀྱི་ཡན་ལག་གི་ཞིབ་འཇུག་བརྒྱུད་ནས་གནས་ལུགས་འཚོལ་བར་བྱེད་པའི་རིག་པ་ཞིག་སྟེ། དེའི་ཁྱད་ཆོས་འགའ་ཞིག་བགྲངས་ན། རྟོག་ཞིབ་ལ་བརྟེན་ནས་རྣམ་གཞག་འཇོག་པ་དང་། རྣམ་གཞག་ལ་བརྟེན་ནས་སྔོན་དཔག་བྱེད་པ། སྔོན་དཔག་གི་ཐོག་ལ་ཚོད་ལྟ་ཡང་ཡང་བྱེད་པ། ཚོད་ལྟའི་གྲུབ་འབྲས་ལ་བརྟེན་ནས་རྣམ་གཞག་འཇོག་པ། རྣམ་གཞག་ལ་བརྟེན་ནས་རྣམ་བཤད་བསྐྲུན་པ།  རིགས་པ་དང་རྒྱུ་མཚན།ཉམས་མྱོང་དངོས་བྱུང་དང་བདེན་དཔང་གི་རྒྱབ་སྐྱོར་གཞིར་བཞག་ཐོག་གནས་ལུགས་འགྲེལ་བ། ལག་བསྟར་གྱི་རྣམ་པ་ཅན་དང་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཅིག་གོ།

ཐ་སྙད།

དཔེ་གཞི། དཔེ་རིས་ཀྱི་འགྲེལ་བཤད་དམ་ཡང་ན་མཚོན་དོན་ཞིག
གཏན་ཁྲིམས། དོན་དངོས་སུ་ཁས་བླངས་ཐོབ་ཅིང་སྔོན་དཔག་བྱ་འོས་དང་འབྲེལ་བ། རྟག་ཏུ་མན་ངག་ལྟ་བུ་ཞིག་ཏུ་བཤད་པ།
རྟོག་ཞིབ། སྒོ་ལྔའི་དབང་ཤེས་བརྒྱུད་ནས་ཐོབ་པའི་བཞག་པའི་གནས་ཚུལ།
རྗེས་དཔག རྟོག་ཞིབ་ལ་གཞི་བཅོལ་བའི་ཚོད་དཔག
ཚན་རིག་གི་གཏན་ཚིགས་འགོད་པ། རྟོག་ཞིབ་ལ་ཚན་རིག་གི་རྒྱུ་མཚན་འཚོལ་བའི་བརྒྱུད་རིམ།
དཀའ་རྙོག ཁྱེད་ཀྱིས་ཚོད་ལྟ་བྱེད་འདོད་པའི་དཀའ་གནད་ཀྱི་དྲི་བ།
ཚོད་དཔག སྦྱོང་བརྡར་སྤྲོད་ཐུབ་པའི་འོལ་ཚོད།
རང་དབང་ཅན་གྱི་འགྱུར་ཚད། ཁྱེད་ཀྱིས་ཚོད་ལྟ་བྱེད་བཞིན་པའི་འགྱུར་རུང་། དེའི་སྐོར་ཤེས་རྟོགས་མང་དུ་གཏོང་འདོད་ས།
རང་དབང་ཅན་མ་ཡིན་པའི་འགྱུར་ཚད། ཁྱེད་ཀྱིས་འཇལ་བཞིན་པའི་འགྱུར་རུང་། ལྡོག་ལན། གྲངས་ཐོ་གསོག་བཞིན་པ་དེ་དག
སྟངས་འཛིན་སྡེ་ཁག རང་དབང་ཅན་གྱི་འགྱུར་ཚད་ཀྱིས་བཟོ་བཅོས་ཤན་ཤུགས་མ་གོས་པའི་སྡེ་ཁག
ཚན་རིག་གི་བྱེད་ཐབས། ཡན་ལག་ལྔ་སོགས་ཀྱི་སྒོ་ནས་འཇིག་རྟེན་གྱི་དཀའ་རྙོག་ལ་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཞིག
གྲངས་ཐོ། བརྟག་དཔྱད་ཀྱི་ཐོག་ནས་ཚད་འཇལ་དང་རྟོག་ཞིབ་བྱུང་བའི་རིགས།
རྣམ་གཞག རང་བྱུང་ཁྲོད་ཀྱི་དངོས་ཡོད་བདེན་པར་གཞི་བཅོལ་བའི་རིགས་པ་དང་མཐུན་པའི་འགྲེལ་བཤད།