ཐལ་འགྱུར་པའི་དཀའ་གནད་བརྒྱད་ལས་རང་རིག་གི་སྐོར་ལ་དཔྱད་པ་ཟླ་བའི་འཛུམ་ཟེར།

རྩོམ་པ་པོ། ངག་དབང་མཁས་གྲུབ།
ཡོན་ཚད། དབུ་ཕར་རྣམ་འགྲེལ་རབ་འབྱམས་པ།
སྡོད་གནས། བོད་བཞུགས།

ནང་དོན་གནད་བསྡུས།
རང་རིག་བཞེད་པ་དག་གིས་རང་རིག་ངོ་བོ་འཇོག་ཚུལ་དང་མི་བཞེད་པ་དག་གིས་ཤེས་པ་འཇོག་ཚུལ་བཅས་ལ་དཔྱད་ཁུལ་ཡིན།

བརྡ་ཆད་གཙོ་བོ།
རང་རིག མྱོང་དྲན། རང་མྱོང་གཞན་མྱོང་།

 

རང་རིག་འདོད་པའི་ལུགས།

དེ་ལ་རང་རིག་འདོད་པའི་ལུགས་དང་། མི་འདོད་པའི་ལུགས། དེ་དག་གི་མཐའ་སྡོམ། རང་མྱོང་གཞན་མྱོང་གི་དོགས་དཔྱོད། རྣམ་བཤད་གཉིས་ཀྱི་བཞེད་ཚུལ་མི་འདྲ་བའི་མཇུག་སྡོམ། རང་རིག་མེད་ཀྱང་དྲན་པ་སྐྱེ་བར་འཐད་ཚུལ། སྤྱོད་འཇུག་ལས་གསུངས་པའི་མྱོང་དྲན་གྱི་དཔེའི་ངོས་འཛིན་སྐོར་བཅས་བདུན་ལས། དང་པོ་ལ། རང་རིག་གི་ངོ་བོ་འཇོག་ཚུལ་དང་། རང་རིག་འཇོག་པའི་རྒྱུ་མཚན། རང་རིག་སྒྲུབ་པའི་རིགས་པ། བོད་ཀྱི་མཁས་པས་རང་རིག་ཐ་སྙད་དུ་བཞེད་ཚུལ་ཏེ་བཞི་ལས། དང་པོ་རང་རིག་གི་ངོ་བོ་འཇོག་ཚུལ་ནི། རྣམ་འགྲེལ་ལས། བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཞེས་པ་ལྟར། ཡུལ་དང་ཡུལ་ཅན་ཐ་དད་ཀྱི་སྣང་བ་ནུབ་ཅིང་ཁ་ནང་ཁོ་ནར་ཕྱོགས་པའི་འཛིན་པ་ཡན་གར་བའི་ཤེས་པ་ཞིག་ལ། རང་རིག་ཅེས་མདོ་སེམས་གཉིས་ཀྱིས་འཇོག་གོ །ཞི་བ་འཚོའི་ལུགས་ལ་རང་རིག་གི་གོ་དོན་ནི། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །ཞེས་བེམ་པོའི་རང་བཞིན་ལས་བཟློག་པའི་གསལ་ཙམ་རིག་ཙམ་ལ་རང་རིག་ཅེས་གསལ་པ་ལས་ཁ་ནང་ཁོ་ནར་ཕྱོགས་ཤིང་འཛིན་པ་ཡན་གར་བ་ཞིག་ལ་འདོད་མིན་མི་གསལ། འཇུ་མི་ཕམ་དང་གོ་རམས་པ་གཉིས་ཀྱིས་ཀྱང་འདི་ལྟར་བཞེད་དམ་སྙམ་མོ། །

གཉིས་པ་རང་རིག་འཇོག་པའི་རྒྱུ་མཚན་ནི། རང་རིག་འདོད་པའི་མདོ་སྡེ་པས་རང་རིག་འདོད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཤེས་པ་གསལ་རིག་ཙམ་དེ་འགྲུབ་བྱེད་ཀྱི་ཚད་མ་དགོས་པའི་གནད་ཀྱིས་ཏེ། གལ་ཏེ་རང་རིག་མེད་ན། ཤེས་པ་གཞན་གྱིས་མི་འགྲུབ་པས་ངེས་པར་ཡུལ་ཅན་རང་ཉིད་འགྲུབ་བྱེད་ཀྱི་ཚད་མ་ཞིག་དགོས་པས་རང་རིག་འདོད་དགོས་པ་ཡིན། སེམས་ཙམ་པས། བདེན་གཉིས་ལས་གསུངས་པ་ལྟར་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་གཞན་དབང་གི་གཙོ་བོ་ཀུན་གཞི་རྣམ་ཤེས་དེ་ཉིད་བདེན་གྲུབ་ཡིན་ཞིང་། དེ་ཉིད་ཤེས་པ་ཡིན་པ་རང་རིག་མངོན་སུམ་ཁོ་ནས་འགྲུབ་པས་ངེས་པར་རང་རིག་འདོད་དགོས་པ་ཡིན། ཞི་འཚོ་ཡབ་སྲས་ཀྱིས་ནི་གཙོ་བོ་རྣམ་ཤེས་བེམ་པོའི་རང་བཞིན་ལས་བཟློག་པའི་གསལ་རིག་གི་ངོ་བོར་གྲུབ་པ་རང་རིག་གིས་འགྲུབ་དགོས་པའི་གནད་ཀྱིས་རང་རིག་འཇོག་པ་ཡིན་པར་སྣང་ངོ་། །དེ་ལྟར་ན་རང་རིག་འདོད་པ་དག་གིས་རང་རིག་གི་ངོ་བོ་འཇོག་ཚུལ་དང་དེ་འདོད་དགོས་པའི་རྒྱུ་མཚན་ལ་བརྟགས་ན། དེ་དག་གིས་ཤེས་པ་འགྲུབ་བྱེད་ལ་ཤེེས་པ་གཞན་ཞིག་བཙལ་ནས་བཞག་པས་བཏགས་དོན་བཙལ་ནས་འཇོག་ཚུལ་ལས་འདའ་མེད། དེའི་ཕྱིར་ཐལ་འགྱུར་པས་རང་རིག་ཐ་སྙད་དུའང་མི་འདོད་པ་ཡང་ཆོས་རྣམས་བཏགས་དོན་བཙལ་ནས་རྙེད་པ་ཐ་སྙད་དུ་ཡང་ཁས་མི་ལེན་པ་ལ་ཐུག་ཡོད་དོ། །དེ་ལྟར་རང་རིག་མི་འདོད་པ་དག་གིས་ཡུལ་ཤེས་བྱ་ཙམ་ལ་བརྟེན་ནས་ཡུལ་ཅན་ཤེས་པ་འགྲུབ་པར་འཇོག་ཤེས་པས་རང་རིག་འཇོག་མི་དགོས་པ་དང་། གཞན་རྣམས་ཀྱིས་ཡུལ་གྲུབ་པས་ཡུལ་ཅན་འགྲུབ་པར་འཇོག་མ་ཤེས་པས་ཡུལ་ཅན་ཤེས་པ་རང་ཉིད་འགྲུབ་བྱེད་ཀྱི་ཤེས་པ་གཞན་ཞིག་བཙལ་ནས་འཇོག་དགོས་པའོ། །འོན་ཀྱང་འཇུ་མི་ཕམ་དང་གོ་རམས་པ་གཉིས་ཀྱིས་རང་རིག་ཐ་སྙད་དུ་ཞལ་གྱིས་བཞེས་པ་ནི་ཚུལ་འདི་དང་མི་འདྲ་བའོ། །

གསུམ་པ་རང་རིག་སྒྲུབ་པའི་རིགས་པ་ནི། རང་རིག་བསྟན་པའི་གཞུང་རྣམས་སུ་དེ་སྒྲུབ་བྱེད་ཀྱི་ལུང་དྲངས་པ་མེད་པས་རང་རིག་བསྟན་པའི་མདོ་ལུང་མེད་ཅེས་གསུངས་ལ། རིགས་པའི་སྒྲུབ་བྱེད་ལ་རྟོག་གེ་འབར་བ་དང་། བདེན་གཉིས་རང་འགྲེལ། འཇུག་པ་རང་འགྲེལ་རྣམས་སུ་ཕྱོགས་སྔའི་འདོད་པ་བཀོད་པ་ལས་གསལ་བ་ལྟར་ཤེས་པ་གསལ་རིག་གི་ཆ་ལ་རང་དུ་སྣང་བ་འཛིན་རྣམ་དང་། ཡུལ་དུ་སྣང་བ་གཟུང་རྣམ་བཅས་འདོད་པ་དང་། དྲན་པ་ལས་རང་རིག་སྒྲུབ་པར་བྱེད་པ་དང་། དྲན་པའི་རྟགས་ལས་མྱོང་བ་འགྲུབ་ཅིང་མྱོང་བ་ལ་གཞན་མྱོང་དང་རང་མྱོང་གཉིས་སུ་ཁ་ཚོན་བཅད་ནས་གཞན་མྱོང་ལ་ཐུག་མེད་དང་ཡུལ་གཞན་མི་གཅོད་པའི་ཐལ་བ་གཉིས་བརྗོད་ནས་རང་མྱོང་རང་རིག་མངོན་སུམ་གྱིས་སྒྲུབ་པར་བྱེད་ལ། རང་རིག་ཐ་སྙད་དུ་བཞེད་པའི་ཞི་བ་འཚོས་དབུ་མ་རྒྱན་ལས་རྣམ་ཤེས་བེམ་པོའི་རང་བཞིན་ལས་བཟློག་པའི་རིགས་པས་རང་རིག་སྒྲུབ་པར་བྱེད་པ་དང་། ཕྱོགས་གླང་ཡབ་སྲས་ཀྱིས་རིགས་པ་ལྔས་རང་རིག་ཡོད་པར་སྒྲུབ་སྟེ། རྣམ་འགྲེལ་ལས། མངོན་སུམ་རྟོག་བྲལ་དུ་སྒྲུབ་པའི་རིགས་པས་སྒྲུབ་པ་ནི། མངོན་སུམ་རྟོག་དང་བྲལ་བ་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གིས་རིག་བྱ་ཡིན། །ཞེས་དང་། བློ་ཚུལ་གཉིས་སུ་སྒྲུབ་པའི་རིགས་པས་སྒྲུབ་པ་ནི། དོན་དང་ལྡན་པའི་སེམས་ལ་ནི། །དོན་མེད་རྣམ་པར་དོགས་ན་ཡང་། །འདས་པའི་དོན་ནི་འཛིན་པ་ལ། །ཚུལ་གཉིས་རང་རིག་གྲུབ་པ་ཡིན། །ཞེས་དང་། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་སོ། །ཚུལ་གཉིས་ནི། ཀུན་བཏུས་ལས། ཡུལ་ཤེས་པ་དང་དེ་ཤེས་པས། །དབྱེ་བས་བློ་ཡི་ཚུལ་གཉིས་ཡིན། །ཞེས་ཡུལ་དང་ཡུལ་ཅན་གཉིས་ལ་ཟེར་རོ། །དུས་ཕྱིས་དྲན་པ་ལས་རང་རིག་སྒྲུབ་པ་ནི། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཤེས་པ་གཞན་གྱིས་རིག་ན་ནི། །རིང་སོགས་འཛིན་པར་མི་འགྱུར་ཏེ། །ཡུན་རིང་གནས་པ་མེད་ཕྱིར་རོ། །ཞེས་སོ། །དམིགས་མྱོང་སོ་སོར་འབྱེད་པའི་རིགས་པས་སྒྲུབ་པ་ནི། དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་སོ། །ཤེས་པ་གསལ་བའི་རང་བཞིན་ཅན་གྱི་རིགས་པས་སྒྲུབ་པ་ནི། གསལ་དེའང་དེ་ཡི་ངོ་བོ་ཉིད། །རང་ཉིད་རབ་ཏུ་གསལ་བ་ཡིན། །དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པར་གྲུབ། །ཅེས་སོགས་སོ། །

བཞི་པ་བོད་ཀྱི་མཁས་པས་རང་རིག་ཐ་སྙད་དུ་བཞེད་ཚུལ་ནི། ས་སྐྱ་པའི་མཁས་པ་ཆེན་པོ་གོ་རམས་པས། འཇུག་འགྲེལ་ལྟ་བ་ངན་སེལ་ལས། སློབ་དཔོན་འདིས་ཀུན་གཞི་དང་། ཉོན་ཡིད་དང་། རང་རིག་སོགས་ལུང་ཚད་མ་ལས་བཤད་ཅིང་། བདེན་པར་ཡོད་མོད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཐ་སྙད་ཀྱི་རང་ལྡོག་རྣམས་ནི། ཐ་སྙད་དུ་ཁས་ལེན་པ་ཡིན་ཞིང་དེ་དག་དཔྱད་ནས་འགོག་པ་ནི། དོན་དམ་གྱི་དབང་དུ་བྱས་པར་བཞེད་དོ། །ཞེས་དང་། ཡང་གཞུང་འདིས་རང་ལུགས་ལ་མྱོང་དྲན་གཞན་དུ་མེད་པའི་རྒྱ་མཚན་གྱིས་ཡུལ་མྱོང་བ་ལས་ཡུལ་དྲན་སྐྱེ་བ་དང་། རང་མྱོང་ལས་རང་དྲན་སྐྱེ་བ་དྲན་པས་ཐ་སྙད་དུ་རང་རིག་ཞལ་གྱིས་བཞེས་པར་གྲུབ་བོ། །ཞེས་གསུངས་པ་དང་། རང་རིག་གི་ངོ་བོ་འཇོག་ཚུལ་ནི། དེ་ཉིད་ལས། ཡེ་ཤེས་དེ་ཉིད་རྟོགས་པའི་ཆ་ནས་སོ་སོ་རང་རིག་ཅེས་པའི་ཐ་སྙད་འཇོག་ལ། ཞེས་གསུངས་སོ། །རྙིང་མའི་མཁས་པ་ཆེན་པོ་འཇུ་མི་ཕམ་གྱིས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་དགྱེས་པའི་ཞལ་ལུང་ལས། ཟླ་བའི་ཞབས་སོགས་ཀྱིས་བཀག་པའང་དེ་ལྟར་དུ་ཤེས་པར་བྱ་སྟེ། རང་རིག་དང་ཀུན་གཞི་འགོག་པའི་རིགས་པ་འདི་ཀུན། སེམས་ཙམ་པ་རང་རིག་བདེན་གྲུབ་ཏུ་འདོད་པ་ལ་འཇུག་གི་ཀུན་གཞི་དང་རང་རིག་ཐ་སྙད་དུ་ཁས་ལེན་པའི་ལུགས་ལ་རྣམ་པ་ཀུན་ཏུ་མི་འཇུག་པ་ཤེས་པར་བྱ་སྟེ། ཞེས་གསུངས་པ་དང་། རང་རིག་གི་ངོ་བོ་འཇོག་ཚུལ་ནི། དེ་ཉིད་ལས། ཐ་སྙད་དུ་རང་རིག་ཡོད་ཅིང་། དེའང་རང་རིག་གི་ངོ་བོ་གཅིག་ལ་རིག་བྱ་རིག་བྱེད་དུ་ཕྱེ་བའི་ཡུལ་རིག་པ་མིན་ཡང་། བེམ་པོ་ལས་ཟློག་སྟེ་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་ཙམ་གྱི་དོན་ལ་རང་རིག་གི་ཐ་སྙད་འཐད་པའི་རྣམ་གཞག་བསྟན་པས། ཞེས་གསུངས་སོ། །

རང་རིག་མི་འདོད་པའི་ལུགས།

གཉིས་པ་ལ། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལས་རང་རིག་འགོག་ཚུལ། རྟོག་གེ་འབར་བ་ལས་འགོག་ཚུལ། བདེན་གཉིས་རང་འགྲེལ་ལས་འགོག་ཚུལ། སྤྱོད་འཇུག་ལས་འགོག་ཚུལ། འཇུག་པ་རང་འགྲེལ་ལས་འགོག་ཚུལ། བོད་ཀྱི་མཁས་པས་འགོག་ཚུལ་དང་དྲུག་ལས། དང་པོ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལས་རང་རིག་འགོག་ཚུལ་ནི། རང་རིག་འགོག་ཚུལ་ལ་སྤྱིར་མང་དུ་འདུག་མོད་བསྡུས་ན་རྩོད་ཟློག་དང་། རྩ་ཤེ ཞིབ་མོ་རྣམ་འཐག་བཅས་ལས་གསུངས་པའི་རིགས་པས་འགོག་ཚུལ་ནི། རྩོད་ཟློག་ལས། དེ་བཞིན་ཚད་མ་རྣམས་ཀྱང་ནི། །རང་གཞན་བདག་ཉིད་སྒྲུབ་ཅེ་ན། །སྨྲས་པ་དེ་ནི་མི་མཐུན་ཏེ། །མུན་ཁུང་ནང་གི་བུམ་པ་བཞིན། །དེ་ལ་མི་དམིགས་མ་མཐོང་བས། །མེ་ནི་རང་ཉིད་གསལ་བྱེད་མིན། །ཞེས་དང་། འོ་ན་མེ་ཡིས་གཞན་བཞིན་དུ། །རང་ཉིད་སྲེག་པའང་བྱེད་པར་འགྱུར། །ཞེས་དང་། མེ་ཡིས་རང་བཞིན་གསལ་བྱེད་ན། །མེ་བཞིན་དུ་ནི་མུན་པ་ཡང་། །རང་གཞན་བདག་ཉིད་སྒྲུབ་པར་འགྱུར། །ཞེས་སོགས་དང་། རྩ་ཤེ་ལས། མར་མེས་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་དང་། ཞིབ་མོ་རྣམ་འཐག་ལས། ཚད་མ་དང་གཞལ་བྱ་ནི་གཉིས་ཀ་འདྲེས་པ་ཡིན་ནོ། །རང་ལས་མ་གྲུབ་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྟེ་གཙོ་བོ་མདོ་སྡེ་པས་མར་མེའི་དཔེ་ཡིས་རང་རིག་འགྲུབ་ཚུལ་འཆད་པ་ལ། དཔེ་དང་དཔེ་ཅན་གཉིས་ཀ་མི་འཐད་པར་འགོག་པའོ། །

གཉིས་པ་རྟོག་གེ་འབར་བ་ལས་འགོག་ཚུལ་ནི། དེ་ལྟ་ན་བསྒྲུབ་པར་བྱ་བ་དང་དཔེ་ཉེ་བར་བཞག་པ་མི་མཐུན་ཏེ། གང་གི་ཕྱིར་ཞེ་ན། གཞན་ལྟར་སྐྱེས་ཕྱིར་དེ་གཉིས་སྣང་། ཤེལ་དང་འདྲ་བར་མི་འདོད་དེ། ཉེ་བར་བཞག་པས་དེར་སྐྱེ་བ། ཤེལ་གྱི་སྐད་ཅིག་མིན་ཕྱིར་རོ། །ཞེས་སོགས་ཏེ་དཔེ་དོན་མི་མཚུངས་པས་འགོག་པའོ། །

གསུམ་པ་བདེན་གཉིས་རང་འགྲེལ་ལས་འགོག་ཚུལ་ནི། དེ་ལྟ་མ་ཡིན་ན་འགའ་ཡང་ཞེས་ཅིའི་ཕྱིར་གསུངས་ཏེ། ངོ་བོ་ཉིད་མི་མཐོང་བ་ཞེས་བྱ་བ་ཁོ་ནར་གསུང་བར་འགྱུར་བའི་རིགས་སོ་ཞེ་ན། དེ་ནི་མི་རུང་སྟེ། རང་རིག་རིགས་པ་མ་ཡིན་ཕྱིར། །ཤེས་པ་ནི་གཉིས་ཀྱིས་དབེན་པའི་ངོ་བོ་རིག་པར་འབྱུང་བ་ཡིན་པ་དང་། དེ་མེད་པར་ཤེས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །ཞེས་པ་འདི་ནི་སེམས་ཙམ་པའི་འདོད་པ་བརྗོད་པའི་གཞུང་ཡིན་པ་ལས་དེ་འགོག་པའི་གཞུང་མིན། དེའི་འཕྲོར། ཤེས་པ་ནི་བདག་གིས་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར་རོ་ཤེས་པ་གཞན་བཞིན་ནོ། །རང་སྣང་བར་ཁས་མི་ལེན་ན་ནི་ཐ་དད་པར་ཐལ་བར་འགྱུར་ཏེ། སྔོན་པོ་དང་དེ་ཤེས་པ་བཞིན་ནོ། །རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་རིག་པའི་ངོ་བོ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ཤེས་པའི་ངོ་བོ་ཉིད་ནི་འདི་འདྲ་སྟེ། རང་གི་རྒྱུ་ལས་སྐྱེས་ཤིང་དེས་དེ་ལྟར་འགྱུར་རོ་ཞེ་ན། ཡང་མི་རུང་སྟེ། ལན་བཏབ་ཟིན་པའི་ཕྱིར་རམ། མི་སླུ་བའི་ཚད་མ་མེད་པའི་ཕྱིར་ཏེ། སེམས་མི་མཐུན་པའི་གཞན་རྣམས་ནི་རང་གི་ཚུལ་བརྗོད་པ་ཙམ་ལ་གུས་པར་མི་བྱེད་དོ། །ཤེས་པ་རྣམ་པ་མེད་པར་སྨྲ་བས་དེ་སྐད་བརྒལ་བ་ལ། མཚན་ཉིད་དང་རྣམ་འགྲེལ་བྱེད་པའམ། གཞན་ཡང་རུང་གང་གིས་ཡུལ་གྱི་རྣམ་པ་ཉིད་ཀྱི་ཚད་མ་བསྒྲུབ་པ་ཇི་སྐད་བརྗོད་པར་བྱ། རྒྱུའི་ནུས་པ་བཀག་ཕྱིར་རོ། །ཞེས་སོགས་སོ། །

བཞི་པ་སྤྱོད་འཇུག་ལས་འགོག་ཚུལ་ནི། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲིའི་སོ་ནི་རང་ལ་རང་། །ཇི་ལྟར་མི་གཅོད་དེ་བཞིན་ནོ། །ཞེས་དང་། རང་རིག་མེད་ན་ཡང་དྲན་པ་སྐྱེ་བར་འཐད་ཚུལ་ཏེ། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པ་ཇི་ལྟར་འགྱུར། །གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་སོགས་སོ། །

ལྔ་པ་འཇུག་པ་རྩ་འགྲེལ་ལས་འགོག་ཚུལ་ལ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་དགག་པ་ནི། གལ་ཏེ་ཕྱི་དུས་དྲན་པ་ལས་འགྲུབ་ན། །ཞེས་རྐང་བ་གསུམ་དང་། རང་མཚན་གྱིས་གྲུབ་པའི་གཞན་ལ་དྲན་པ་མི་སྲིད་པས་དགག་པ་ནི། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །ཞེས་སོགས་ཚིགས་བཅད་གཅིག་དང་། རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་འཐད་པས་དགག་པ་ནི། གང་ཕྱིར་གང་གི་ཡུལ་མྱོང་གྱུར་དེ་ལས། །ཞེས་སོགས་ཚིགས་བཅད་གཅིག་དང་། རྩ་ཤེ་ལས་གསུངས་པའི་བྱ་བྱེད་གཅིག་ཏུ་ཐལ་བས་དགག་པ་ནི། དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཞེས་སོགས་ཚིགས་བཅད་ཅིག་སྟེ་རིགས་པ་བཞིའི་སྒོ་ནས་རང་རིག་ཐ་སྙད་དུ་ཡོད་པ་འགོག་པའོ། །

དྲུག་པ་བོད་ཀྱི་མཁས་པས་རང་རིག་འགོག་ཚུལ་ནི། རྗེ་ཙོང་ཁ་པས་དྲང་ངེས་ལེགས་བཤད་སྙིང་པོ་ལས། སྔོ་འཛིན་ཆོས་ཅན། རང་རིག་ཡོད་ཡོད་དེ། དུས་ཕྱིས་དྲན་པ་ཡོད་པའི་ཕྱིར། ཟེར་རམ། ཡང་ན། དེ་ཆོས་ཅན། མྱོང་བྱེད་ཡོད་དེ། དུས་ཕྱིས་དྲན་པ་ཡོད་པའི་ཕྱིར། ཟེར། དང་པོ་ལྟར་འདོད་དམ་ཞེ་ན། འོ་ན། རྟགས་སུ་བཀོད་པའི་དྲན་པ་དེ། རྫས་གྲུབ་བམ་རང་མཚན་གྱིས་ཡོད་པ་བྱེད་དམ། ཐ་སྙད་དུ་ཡོད་པ་ལ་བྱེད། དང་པོ་ལྟར་ན། མི་འཐད་དེ། རྟགས་དེའི་ཕྱོགས་ཆོས་མ་གྲུབ་པས་དབུ་མ་པ་ངེད་རང་ལ་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ། །ཞེས་དང་། ཐ་སྙད་དུ་ཡིན་ཟེར་ན། རྟགས་དེ་ཁྱེད་རང་གིས་འབྲས་རྟགས་སུ་བཀོད་མོད། སྒྲུབ་བྱའི་ཆོས་རང་རིག་ཚད་མས་མ་གྲུབ་པས་འདི་ནི་ཆུ་དང་མེ་ཡོད་པས་ཆུ་ཤེལ་དང་མེ་ཤེལ་ཡོད་པར་སྒྲུབ་པ་དང་ཀུན་ནས་མཚུངས་སོ་ཞེའོ། །གལ་ཏེ་རྩ་བའི་རྟགས་སྦྱོར་གཉིས་པ་ལྟར་ཡིན་ནོ་ཟེར་ན། སྒྲུབ་བྱའི་ཆོས་ལ་བརྟག་པར་བྱ་སྟེ། མྱོང་བྱེད་གཟུང་བ་ཡིན་ནམ། མྱོང་བ་གསལ་རིག་ཙམ་བཟུང་བ་ཡིན། དང་པོ་ལྟར་ན། རྟགས་ཆོས་དཔེ་ལ་རྗེས་སུ་འགྲོ་བ་ཙམ་ཡོད་མོད། དུས་ཕྱིས་དྲན་པ་ལ་མྱོང་བྱེད་ཡོད་པས་མ་ཁྱབ་པས་ཁྱབ་པ་མ་ངེས་པའོ། །གཉིས་པ་ལྟར་ཡིན་ན། དེ་ནི་རང་རིག་མི་འདོད་པའི་ཕྱོགས་སྔ་མས་ཀྱང་འདོད་པས། གྲུབ་ཟིན་བསྒྲུབ་པས་སྐྱོན་དུ་འགྱུར་བས་མི་རིགས་སོ། །ཞེས་པས་འགོག་གོ །རྗེ་ཙོང་ཁ་པས་འཇུག་འགྲེལ་དགོངས་པ་རབ་གསལ་ལས་འགོག་ཚུལ་ནི། མདོ་ལས། ཇི་ལྟར་རལ་གྲིས་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པར་མི་བྱེད་དེ། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་ལུང་གཅིག་དང་རིགས་པ་ལྔ་སྟེ་བརྗོད་མ་ཐག་པའི་འཇུག་པ་ལས་གསུངས་པའི་རིགས་པ་བཞི་དང་སྔར་གྱི་སྤྱོད་འཇུག་ལས་གསུངས་པའི་རིགས་པ་སྟེ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་འཐད་པའི་ཚུལ་ཏེ། ལུང་རིགས་གཉིས་ཀྱི་སྒོ་ནས་རང་རིག་འགོག་པའོ། །བཀའ་རྒྱུད་པའི་མཁས་པ་ཆེན་པོ་ཀརྨ་མི་བསྐྱོད་རྡོ་རྗེས་མཛད་པའི་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་འགོག་ཚུལ་ནི། གོ་ཤཱཀ་སོགས་བོད་ཀྱི་འཇུག་འགྲེལ་བྱེད་པ་མང་པོས། སློབ་དཔོན་ཟླ་གྲགས་ཀྱི་བཞེད་པར་གཞུང་འདིས་ཐ་སྙད་དུ་རང་ལུགས་ལ་རང་རིག་ཡོད་པ་ཡིན་པར་སྒྲུབ་བོ། །ཞེས་དང་། དེ་བཞིན་ཀུན་གཞི་རང་རིག་ཕྱི་དོན་གང་ཟག་རྣམས་ལུགས་འདིས་ཐ་སྙད་དུ་འགོག་པ་མིན་གྱི། དཔྱད་བཟོད་དུ་གྲུབ་པའི་ཀུན་གཞི་སོགས་འགོག་པར་བྱེད་པ་ཡིན་ལོ། །དེ་ལྟར་སྨྲས་པ་དེས་ནི་རང་གི་རྐང་ནག་པོར་དྲངས་པ་ཡིན་ནོ། །ཞེས་དང་། ཡང་རང་རིག་དང་ཀུན་གཞི་ཐ་སྙད་དུ་མི་འགོག་པར་སྒྲུབ་ཅིང་། དོན་དམ་དུ་འགོག་པ་ཡིན་ན། ཀུན་གཞི་དང་། རང་རིག་ལ་ཆེད་དུ་བཀར་ནས་འདི་ཙམ་གྱི་དགག་པ་བྱེད་པ་མི་རིགས་པར་འགྱུར་ཏེ། ཞེས་སོགས་སོ། །

དེ་དག་གི་མཐའ་སྡོམ།

གསུམ་པ། རང་རིག་འདོད་པའི་མདོ་སེམས་དག་གིས་ཤེས་པ་ཡུལ་ཅན་དེ་ཉིད་ཡུལ་ཤེས་བྱ་ཙམ་ལ་བརྟེན་ནས་འཇོག་མ་ཤེས་པར་དེ་འཇོག་བྱེད་ཀྱི་ཚད་མ་གཞན་ཞིག་བཏགས་དོན་བཙལ་ནས་རང་གིས་རང་མྱོང་བ་ཞིག་བྱུང་ན་རང་མྱོང་དང་། དེ་ལྟར་བཙལ་ནས་གཞན་གྱིས་གཞན་མྱོང་བ་ཞིག་བྱུང་ན་གཞན་མྱོང་དུ་འཇོག་པའོ། །འདི་ནི་རང་མཚན་ཐ་སྙད་དུ་ཡོད་པར་ཁས་ལེན་པའི་ཕྱོགས་ལ་མི་རིགས་པ་མེད་མོད། རང་མཚན་ཐ་སྙད་དུ་ཡང་ཞལ་གྱིས་མི་བཞེས་པའི་ཕྱོགས་ལ་ཤིན་ཏུ་མི་འཐད་དོ། །དེས་ན་སྔོན་པོ་རང་ཉིད་ཀྱིས་རང་ཉིད་ཡོད་པར་འཇོག་མི་ནུས་པས་མྱོང་བྱེད་གཞན་སྔོན་འཛིན་གྱིས་འཇོག་དགོས་ཀྱང་། སྔོན་འཛིན་ནི་རང་གི་ཡུལ་གཞལ་སྟོབས་ཀྱིས་རང་ཉིད་ལྟོས་གྲུབ་ཏུ་འཇོག་དགོས་པའོ། །འདི་ནི་ཡུལ་ཡུལ་ཅན་ལྟོས་ནས་འཇོག་ཚུལ་ཏེ། ཚིག་གསལ་ལས། དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས་དོན་རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །དེ་དག་ཀྱང་ཕན་ཚུན་ལྟོས་པས་འགྲུབ་པར་འཇོག་གོ །ཚད་མ་དག་ཡོད་ན་གཞལ་བྱའི་དོན་དག་ཏུ་འགྱུར་ལ། གཞལ་བྱའི་དོན་དག་ཡོད་ན་ཚད་མ་དག་ཏུ་འགྱུར་གྱི། ཚད་མ་དང་གཞལ་བྱ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་འཇུ་མི་ཕམ་དང་གོ་རམས་པ་གཉིས་ཀྱིས་ཟླ་བའི་ལུགས་ལ་རང་རིག་ཐ་སྙད་དུ་བཞེད་ཅེས་པ་ནི། རྗེ་བླ་མས་གང་མི་བཞེད་པར་གསུངས་པའི་རང་རིག་དང་ངོ་བོ་ཐ་དད་ཅིང་རང་རིག་ཅེས་མིང་ཙམ་མི་འདྲ་བ་ལས་དོན་དངོས་གསལ་ཙམ་རིག་ཙམ་དང་སོ་སོ་རང་རིག་གི་རིག་པ་ཙམ་ལ་འདོད་པར་སྣང་སྟེ། མི་ཕམ་གྱིས་བེམ་པོའི་རང་བཞིན་ལས་བཟློག་པའི་མྱོང་བ་གསལ་རིག་ཙམ་ལ་རང་རིག་ཅེས་འཇོག་པ་དང་། གོ་རམས་པས་ཡེ་ཤེས་རང་ཉིད་རྟོགས་པའི་ཆ་ནས་སོ་སོ་རང་རིག་ཅེས་འཇོག་པ་གང་ཞིག དེ་དག་ནི་རང་རིག་ཐ་སྙད་དུ་ཡང་ཞལ་གྱིས་མི་བཞེས་པ་རྗེ་བླ་མ་རྗེས་འབྲང་དང་བཅས་པས་ཀྱང་ཁས་ལེན་པ་ཡིན་པས་སོ། །དེས་ན་རྗེ་ཙོང་ཁ་པའི་ཕྱིས་སུ་བྱོན་པའི་མཁས་པ་འདི་གཉིས་ཀྱིས་ཐལ་འགྱུར་པའི་རང་ལུགས་ལ་རང་རིག་བཞེད་ཅེས་སྨྲས་པ་ནི་རྗེ་བླ་མ་དང་མི་མཐུན་པར་སྨྲས་པ་ཙམ་ལས་དོན་ལ་མི་འདྲ་བ་མེད་པར་སྣང་ངོ་། །

རང་མྱོང་དང་གཞན་མྱོང་གི་དོགས་དཔྱོད།

བཞི་པ། སྔོན་འཛིན་ལ་རང་མྱོང་དང་གཞན་མྱོང་མེད་ཀྱང་མྱོང་བྱེད་ཡོད་པར་གསུངས་པས། མྱོང་བྱེད་ལ་རྣམ་མཁྱེན་དང་ཚད་མ་ལྟ་བུ་རྫས་སྤྱི་ལས་གཞན་བྱེ་བྲག་པ་ཞིག་འཇོག་རྒྱུ་ཡོད་པར་མངོན་ཏེ། རྗེ་དྲུང་དབུ་མར་སྐབས་འདིའི་མྱོང་དྲན་ལ་ཡུལ་ཡུལ་ཅན་གཉིས་ཀྱི་མྱོང་དྲན་རེ་རེ་ཡོད་པར་གསུངས་པས་སྔོན་འཛིན་ལ་ཡུལ་ཅན་གྱི་མྱོང་དྲན་ཞིག་འཇོག་དགོས་པར་མངོན་ལ། སྔོན་འཛིན་རང་དང་དྲན་ཤེས་གཉིས་བཞག་ན་སྔོན་འཛིན་ལ་རང་མྱོང་དང་གཞན་མྱོང་འཇོག་པར་སོང་བས། གང་འཇོག་དགོས་མིན་དཔྱད་དགོས་སོ། །

རྣམ་བཤད་གཉིས་ཀྱི་བཞེད་ཚུལ་མི་འདྲ་བའི་མཇུག་སྡོམ།

ལྔ་པ། ཊཱིཀ་ཆེན་ལྟར་ན། སྔོན་འཛིན་གྱིས་སྔོན་འཛིན་དངོས་སུ་མ་རྟོགས་པས་དེས་དེ་མ་མྱོང་ཡང་། དེའི་རྗེས་སུ་སྐྱེས་པའི་དྲན་ཤེས་ནི་སྔོན་འཛིན་རྟོགས་ཟིན་རྟོགས་པའི་བློ་ཡིན་པར་འདོད། སྟོང་ཐུན་ལྟར་ན། དེས་དེ་རྟོགས་པ་ཙམ་ཡང་མ་ཡིན་ཏེ། སོར་མོའི་རྩེ་མོའི་རང་གིས་རང་ལ་མི་རེག་པ་སྟེ་དཔེ་ལྔ་དང་མཚུངས་པར་འདོད། དེའི་རྗེས་སུ་སྐྱེས་པའི་དྲན་ཤེས་དེ་དཔྱད་ཤེས་ཡིན་ཀྱང་དེ་རྟོགས་ཟིན་རྟོགས་པར་ཁས་མི་ལེན་ནོ། །སྤྱིར་ཡུལ་དེ་མྱོང་མ་མྱོང་གི་དོན་ནི་ཡུལ་དེ་དངོས་སུ་རྟོགས་མ་རྟོགས་ཀྱི་སྒོ་ནས་འཇོག་དགོས་པར་སྣང་ངོ་། །གཞན་ཡང་སྟོང་ཐུན་གྱི་ལུགས་ལ་གཉིས་སྣང་ཅན་གྱི་ཤེས་པ་ལ་རང་གི་སྣང་ཡུལ་ལ་ཚད་མ་ཡིན་པས་ཁྱབ་ཀྱང་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལྟ་བུ་རང་གི་སྣང་བ་ལ་ཚད་མ་མིན་པར་བཞེད་དེ། རང་ལ་ཆོས་ཉིད་སྣང་བ་ལ་ཚད་མ་མིན་པས་སོ། །ཡང་སེམས་ཅན་རྒྱུད་ཀྱི་ཤེས་པ་ཐམས་ཅད་ཀྱིས་རང་གིས་རང་རྟོགས་པ་དང་། བློས་བློ་རྟོགས་ཏེ། རང་བློ་རང་ལ་ལྐོག་ཏུ་གྱུར་པ་མི་སྲིད་པར་བཞེད། ཊཱིཀ་ཆེན་ལུགས་ལ་བདེན་འཛིན་ལོག་ཤེས་ཡིན་པ་སོགས་རང་གིས་རང་རྟོགས་ན། ཞེན་ཡུལ་ཁེགས་པས་བདེན་མེད་རྟོགས་དགོས་པས། རང་གིས་རང་མ་རྟོགས་པར་བཞེད་དོ། །

རང་རིག་མེད་ཀྱང་དྲན་པ་སྐྱེ་བར་འཐད་ཚུལ།

དྲུག་པ། རང་རིག་མེད་ཀྱང་དྲན་པ་སྐྱེ་བར་མི་འགལ་བ་ནི་དྲན་ཚུལ་ཁྱད་པར་བ་སྟེ། སྔར་ངས་མཐོང་བ་ཉིད་ངས་དྲན་སྙམ་པ་ནི་དྲན་ཚུལ་ཁྱད་པར་བ་ཡིན། དེ་ཡང་སྔར་ང་རང་གིས་མཐོང་བའི་སྔོན་པོ་དེ་ཉིད་ང་རང་གིས་དྲན་སྙམ་པའི་དྲན་ཚུལ་ནི། སྔོན་འཛིན་མྱོང་བའི་རང་རིག་གི་དབང་གིས་བྱུང་བ་མིན་པར་སྔར་སྔོན་འཛིན་གྱིས་སྔོན་པོ་མྱོང་བས་སྟོབས་ཀྱིས་དྲན་པ་སྐྱེ་བ་ཡིན་པའི་ཕྱིར་རོ། །

སྤྱོད་འཇུག་ལས་གསུངས་པའི་མྱོང་དྲན་གྱི་དཔེའི་ངོས་འཛིན་སྐོར།

བདུན་པ། སྤྱོད་འཇུག་དར་ཊཱིཀ་ལས། དཔེར་ན་དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མ་མྱོང་བ་བཞིན་ནོ། །ཞེས་དང་། ཤེར་ལེའུ་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ལས། དེ་དཔེར་ན་དགུན་དུས་དུག་ཅན་གྱི་བྱི་བས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་དེ་དུས་དུག་ཉམས་སུ་མ་མྱངས་ཀྱང་། སླར་དཔྱིད་འབྲུག་གི་སྒྲས་དུག་བསླངས་པར་གྱུར་པ་ན་སྔར་རྨ་དང་མཉམ་དུ་བདག་ལ་དུག་ཞུགས་སོ་ཞེས་སྔར་གྱི་དུག་ལ་དམིགས་པའི་ཤེས་པ་གདོད་སྐྱེ་བ་བཞིན་ནོ། །ཞེས་དང་། དྲང་ངེས་དཀའ་འགྲེལ་ལས། དཔེར་ན་དགུན་གྱི་དུས་ན་བྱི་བས་ལུས་ལ་རྨུགས་པའི་ཚེ་བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མ་མྱོང་ལ། ཕྱིས་འབྲུག་གི་སྒྲ་ཐོས་པས་དུག་ལངས་པ་ན་སྔར་རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་པ་སྐྱེ་བ་བཞིན་ནོ། །ཞེས་དང་། ཤིང་བཟའ་པཎ་ཊི་ཏའི་དྲང་ངེས་ལས། དཔེར་ན་དགུན་གྱི་བྱི་བ་གཉིད་ཡོད་པའི་ཚེ། ང་ཚོའི་སྐད་ཀྱིས་རྟེའུ་ལོ་ཟེར་བ་དེས་སོ་བཏབ་པས། དེའི་སྐབས་སུ་ཚ་ཚག་བྱུང་བ་ཤེས་ཀྱང་དུག་ཞུགས་པ་མི་ཤེས། རྗེས་ནས་གཉིད་སད་འབྲུག་གྲགས་པ་ན་དུག་ལྡིང་། དེའི་ཚེ་སྔར་རྨུག་པའི་ཚེ་དུག་ཞུགས་པ་རེད་སྙམ་དུ་དྲན། ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་དབུ་མ་ལས། དགུན་དུས་སུ་བྱི་བ་དུག་ཅན་གྱིས་དམུགས་པ་ན་དུག་ཞུགས་ཏེ་དཔྱིད་ཀའི་དུས་སུ་འབྲུག་སྒྲ་ཐོས་པའི་རྐྱེན་གྱིས་དུག་ལངས་པའི་ཚེ། བྱི་བས་དམུགས་པ་མ་སྤངས་པར་བྱི་བས་དམུགས་པའི་དུས་སུ་དུག་ཞུགས་སོ་སྙམ་པའི་དྲན་ཤེས་སྐྱེ་བ་ལྟ་བུ། ཞེས་དང་། ཀུན་མཁྱེན་འབྲུག་པ་པདྨ་དཀར་པོའི་སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ལས། ངེད་ལ་རང་རིག་མེད་ཀྱང་། ཤེས་པ་ལ་གཞན་གཟུང་བ་མྱོང་བ་དང་མྱོང་བྱེད་དུ་འབྲེལ་བ་ལས་དེའི་ཤེས་པ་དྲན་པར་འགྱུར་ཏེ། བྱི་བའི་དུག་དགུན་གྱི་དུས་སུ་ཆུ་བྱིས་གྲིབ་མ་ལ་སོ་བཏབ་པ་དཔྱིད་ཀ་འབྲུག་བྱུང་བ་ན་སྐྲངས་ཏེ་ནད་མྱོང་བ་ན་དུག་གིས་ཟིན་པར་ཤེས་པ་བཞིན་ནོ། །ཞེས་དང་། བཻ་རོ་ཙ་ན་རཀྵི་ཏའི་སྤྱོད་འཇུག་དཀའ་འགྲེལ་ལས། ལྡོང་རོས་ཀྱིས་བསྐུས་པའི་བྱི་བའི་དུག་གིས་ལུས་ལ་ཟིན་པར་གྱུར་ན་དུས་གཞན་དུ་འབྲུག་གི་སྒྲ་བསྒྲགས་པའི་ཚེ་རང་རིག་པ་མེད་ཀྱང་རྐྱེན་དེ་ཙམ་གྱིས་དུག་བླངས་ནས་རྣམ་པར་འཕེལ་བར་བྱེད་བཞིན་དུའོ། །ཞེས་དང་། བི་བྷུ་ཏི་ཙནྡྲའི་འགྲེལ་པར། བྱི་བ་ནི་འདིར་བ་བླ་བྱུགས་པ་སྟེ། དེའི་དུག་དེས་རྨུགས་པའི་རྨས་ལུས་ལ་སྔར་བཀྲམ་པ་དུས་གཞན་དུ་འབྲུག་སྒྲ་གྲགས་པའི་དུས་ན་ལྡང་བར་འགྱུར་རོ། །ཞེས་འབྱུང་ལ། དགེ་བ་ལྷས། དབྱར་དུ་བྱི་བ་དུག་དང་བཅས་པར་འགྱུར་བས། སྦྲུལ་གྱིས་ཟིན་པའི་དུག་ལ་སྦྲུལ་མ་མཐོང་བར་གནོད་པ་ན་བྱི་བའི་དུག་ཏུ་དྲན་པར་བཤད་པ་ལ། བུ་སྟོན་རིན་པོ་ཆེས། དེ་དྲན་པ་ཡང་དག་མིན་པས་དཔེར(མི)རུང་ངོ་ཞེས་བཀག་ནས། རང་གི་བཞེད་པ་ནི། འགྲེལ་པ་ཟླ་ཟེར་ལས། ལྡོང་རོས་སམ་བ་བླས་བྱུགས་པའི་བྱི་བའི་རྨུགས་པས་དུག་ཞུགས་པ་དེ། འབྲུག་གི་སྒྲ་གྲགས་པའི་དུས་ན་དུག་ལངས་པས་སྔར་དུག་མ་ལངས་ཀྱང་ཕྱིས་ལྡང་བ་བཞིན། སྔར་མ་མྱོང་ཡང་ཕྱིས་དྲན་པ་མི་འགལ་ལོ། །བོད་རྣམས་སྔར་དུག་ཞུགས་པ་མ་ཤེས་ཀྱང་ཕྱིས་ཤེས་པ་བཞིན་ཞེས་འཆད་དོ། །ཨ་ཀྱཱ་ཡོངས་འཛིན་གྱི་དྲིས་ལན་མཁས་པའི་དགའ་སྟོན་ལས། བདག་གི་བླ་མ་མཁས་པའི་དབང་བོ་དེའི་ཞལ་ནས། དུག་དེ་འཕྱི་བ་རང་གི་རྒྱུད་ལ་ཡོད་དེ། འཕྱི་བ་དེ་དགུན་དུས་ཚང་དུ་ཉལ་ཁར་ཆུས་ལྟོ་བ་དག་པར་བྱས་ཏེ་ཉལ་ལ། དེ་ལྟར་མ་བྱས་ན་ལུས་སེམས་ལྕི་ཞིང་འཐིབས་པས་མི་བདེ་ལ། དཔྱིད་དུས་འབྲུག་སྒྲ་ཐོས་པ་ན་ཟས་དུག་ལངས་ནས་ན་བའི་ཚེ། སྔར་རྨུགས་པ་ན་དུག་ཞུགས་པར་དྲན་པ་ཡིན། ཞེས་རྨུགས་པའི་དོན་སེམས་བྱུང་རྨུགས་པ་ལ་གསུངས་ཏེ། ཞེས་སོ། །དེ་ལྟར་དཔེ་འདི་ལ་བཤད་ཚུལ་སྣ་ཚོགས་ཤིག་བྱུང་ཡང་རང་གི་བློར་བདེ་བ་ནི། ཀུན་མཁྱེན་བློ་གྲོས་སེངྒེས་གསུངས་པ་དེ་ལགས་ཏེ། དེ་ནི་འཕྱི་བ་ཟེར་བ་དགུན་དུས་སུ་གཉིད་ཁུག་པའི་སྲོག་ཆགས་ཤིག་ཡོད་པ་དེ་ལ། མཆུ་དུག་ཅན་གྱི་ཙི་གུའམ་བྱི་བས་སོ་བཏབ་ནས་དུག་ལུས་ལ་ཞུགས་ཀྱང་སྐབས་དེར་འཕྱི་བས་རང་ལ་སོ་བཏབ་པ་མྱོང་ཡང་དུག་ཞུགས་པ་མ་མྱོང་བར་གསུངས་པ་དེ་རེད། འདི་ནི་བདེན་ཚོད་དུ་སྣང་སྟེ། དུག་བརྒྱབས་པའི་ཚོར་བ་དེ་འབྲུག་སྒྲ་དང་འབྲེལ་བ་ཡོད་པ་དང་། དེ་ཡང་འཕྱི་བ་ཟེར་བའི་སྲོག་ཆགས་དེ་དགུན་ཟླ་བར་ཉལ་ནས་དཔྱིད་དུས་འབྲུག་གི་སྒྲས་གཉིད་སངས་པ་དང་། སྔར་གཉིད་དུས་སུ་གཞན་གྱིས་དུག་ཅན་གྱི་སོ་བཏབ་པ་གཞི་ནས་ཤེས་ཚོར་བྱུང་བ་འདྲ་སྟེ། སྔར་སོ་བཏབ་པ་ཚོར་ཡང་དུག་གཞི་ནས་ལུས་ལ་ཁྱབ་སྟེ་རྒྱས་དགོས་པས་མ་ཚོར་བ་ཡིན་པ་འདྲ་ཡང་། དེ་ལྟར་ན་བྱི་བ་ཞེས་པ་ནི་འཕྱི་བ་ལ་ཟེར་བ་ཡིན་པར་ཤོད་ཅི་དགོས། རྒྱ་གར་མཁས་པས་སྤྱོད་འཇུག་གི་འགྲེལ་པར་དུག་སྦྲུལ་དང་འབྲེལ་ནས་གསུངས་ཤིང་། སྤྱིར་རྒྱ་གར་དུ་དུག་སྦྲུལ་གྱིས་གནོད་པ་མང་བས་དཔེ་འདི་ཡང་དེ་དག་དང་འབྲེལ་བ་ཁྱད་པར་ཅན་ཡོད་ངེས་པ་དང་། བོད་ཀྱི་ཡུལ་དུ་ཡོད་པའི་འཕྱི་བ་དེ་ཡང་རྒྱ་གར་དུ་ཡོད་མེད་སོགས་དཔྱད་དགོས་སོ། །ལར་སྤྱོད་འཇུག་མཁན་པོས་མྱོང་བ་མེད་ལ་དྲན་པ་ཡོད་པའི་དཔེར་བྱི་བའི་དུག་ཅེས་དཔེ་དོན་ཇི་ལྟར་མཚུངས་ཚུལ་ནི་མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པའི་དཔེ་རུ་འགྱུར་བས་མཐའ་གཅིག་ཏུ་འདི་ཡིན་འདི་མིན་གྱི་ཐག་གཅོད་མིནུས་ནའང་བོད་པ་ཞིག་གིས་གོ་བ་བླངས་སྟངས་ལྟར་ན་བཤད་ཚུལ་འདི་ཤིན་ཏུ་ཡིད་ལ་འཐད་དོ། །