ཕྱག་འཚལ་བའི་དགོས་དམིགས།

སྐུ་ལ་ཆོས་གོས་ངུར་སྨྲིག་རྣམ་གསུམ་གར་དུ་རྩེན་པའི་འདུལ་བའི་ཀུན་སྤྱོད་གཙང།།
གསུངས་ལ་སྡེ་སྣོད་གསུམ་གྱི་ཕྱུག་པས་ཉོན་མོང་ཞི་དུལ་འཕགས་པ་རྟག་ཐུལ་དངོས།།
ཐུགས་ལ་བསླབ་པ་གསུམ་གྱི་ཉམས་ལེན་སྙིང་པོར་སྒྲིལ་བས་མི་ལ་རས་པའི་ཟླ།།
ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་བདག་གི་སྙིང་ཁར་རྟག་ཏུ་བཞུགས་གྱུར་ཅིག།

འཚལ་བའི་སྐབས་ཀྱི་དམིགས་པ་དང་གོ་དོན་ནི། ལེགས་སྦྱར་སྐད་དུ་ན་མོ་ཞེས་པ་ཕྱག་འཚལ་ཞེས་པ་སྟེ་སྒོ་གསུམ་མཆོག་ཏུ་འདུད་པའི་དོན་དང། ཡང་ན་ཕྱག་དང་འཚལ་སོར་སོར་བཀྲལ་ན། ལུས་ངག་ཡོད་གསུམ་གྱི་སྡིག་སྒྲིབ་ཀྱི་གད་སྙིགས་མར་ཕྱག་པ་སྟེ་གཙང་མ་བཟོས། འཚལ་བ་སྟེ་སྐུ་གསུང་ཐུགས་གསུམ་གྱི་དངོས་གྲུབ་ཞུ་བའོ། དཔེར་ན། ན་མོ་གུ་རུ་བྷྱཿ  ན་མོ་བུདྡྷ་ཡ།  ན་མོ་ངྷརྨཱ་ཡ།  ན་མོ་སངྒྷཡ། ཞེས་པ་ལྟ་བུ་དང་།དེ་ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བས་བདག་མེད་མཚོན་པས་ཆོས་སྐུ་དང་། ཐལ་མོའི་གཟུགས་སམ་ནོར་བུའི་དབྱིབས་ཀྱིས་གཟུགས་སྐུ། ཡ་གཉིས་ཀྱིས་ཐབས་ཤེས་གཉིས། སྦྱར་བས་ཐབས་ཤེས་ཟུང་འབྲེལ་གྱིས་སྐུ་ཐུགས་ཟུང་འཇུག་དང་། ཐལ་མོ་སྤྱི་བོར་སྦྱར་བས་སྤྱི་བོའི་རྩ་མདུད་འགྲོལ། ལུས་ཀྱིས་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པ་ལོག་པར་གཡེམ་པ་སྟེ་ལུས་ཀྱི་སྒོ་ནས་བསགས་པའི་མི་དགེ་བ་མཐའ་དག་ཟད་ཏེ། མཚན་དཔེས་སྤྲས་པའི་རྒྱལ་བའི་སྐུ་རྡོར་རྗེ་འགྲུབ་པ་དང༌། ཁྱད་པར་གཙུག་ཏོར་བལྟར་མི་མངོན་པ་འགྲུབ། ཐལ་མོ་ཨོལ་མདུད་ཀྱི་ཐད་དུ་སྦྱར་བས་མགྲིན་པའི་རྩ་མདུད་འགྲོལ། ངག་གིས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ། ངག་གི་སྒོ་ནས་བསགས་པའི་མི་དགེ་བ་མཐའ་དག་ཟད་ཏེ། མགྲིན་པ་དུང་འདྲ་སོགས་གསུང་གི་ཡོན་ཏན་དང་། གསུང་དབྱངས་དྲུག་ཅུ་རྩ་བཞིའི་རང་བཞིན་གྱི་གསུང་རྡོར་རྗེ་འགྲུབ། ཐལ་མོ་སྙིང་གར་སྦྱར་བས་སྙིང་གའི་རྩ་མདུད་འགྲོལ། ཡིད་ཀྱིས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་སྒོ་ནས་བསགས་པའི་མི་དགེ་མཐའ་དག་ཟད་ཏེ། རྒྱལ་བའི་ཐུགས་རྡོར་རྗེའི་རང་བཞིན་གྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པའི་ནུས་པ་འཇོག་པ་བསམ། ཐལ་མོ་སྦྱར་བ་སོ་སོར་ཕྱེ་བ་ཡིས་ལོངས་སྤྲུལ་གཉིས་ཀྱིས་གང་འདུལ་འགྲོ་དོན་བྱེད་པ་དང་། སོར་མོ་བཅུ་ས་ལ་བཙུགས་པ་ཡིས་ས་བཅུ་ལམ་ལྔའི་བགྲོད་པ་དང་། རྩ་རྒྱུས་ཐམས་ཅད་བརྐྱངས་བསྐུམས་བྱས་པས་རྩ་མདུད་མ་ལུས་པ་གྲོལ་བ་དང་། སྒལ་ཚིག་དབུ་མར་དགྱེ་སྒུར་བྱས་པས་རླུང་རྣམས་མ་ལུས་པ་དབུ་མར་ཚུད་པ་དང་། ཡན་ལག་བཞི་པོ་བརྐྱངས་བསྐུམས་བྱས་པས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ལྷུན་གྱིས་འགྲུབ་པ་སོགས་མདོ་སྔགས་གཉིས་ཀར་སྦྱར་ན་ཕན་ཡོན་ཆེ། དེ་ཡང་བསྐུམ་ཕྱག་ནི། ཕུང་བོ་གསུམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་མཉམ་པ་ཉིད་ལ་འཇུག་ཅིང་ཡན་ལག་ལྔ་ས་ལ་གཏུགས་པར་བྱ་སྟེ། ཞེས་སོགས་ལྟར། པུས་མོ་གཉིས། ལག་མཐིལ་གཉིས། དཔྲལ་བ་བཅས་ས་ལ་གཏུགས་ཏེ་ཕྱག་འཚལ་བ་དང་། བརྐྱངས་ཕྱག་ནི། རྒྱུད་ལས། ལན་སྟོང་དུ་རྐྱང་ཕྱག་བཙལ་ཏེ་གཡན་པ་སློང་བའི་གླུ་འདིས་བསྐུལ་ལོ། ཞེས་སོགས་དང། ཐམས་ཅད་ཡོད་པར་སྨྲ་བའི་མདོ་ལས། དགེ་སློང་དག་དགེ་སློང་གིས་འདི་ལྟར་སྐྲ་དང་། སེན་མོའི་མཆོད་རྟེན་ལ་ཡན་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དྭངས་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། དགེ་སློང་དག་དགེ་སློང་འདིས་ས་ཇི་ཙམ་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་སྟོང་ན་ཡོདཔའི་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་ཉིད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། ཞེས་སོགས་དང་། སྡོང་པོ་བཀོད་པའི་མདོ་ལས། གཞོན་ནུ་ནོར་བཟང་གིས་ཤིང་སྡོང་པོ་ས་ལ་འགྱེལ་བ་བཞིན་དུ་ལུས་ཐམས་ཅད་ས་ལ་ཕབ་སྟེ་ཕྱག་འཙལ་བ་ལ་ལྟོས། ཞེས་སོགས་གསུངས་པའི་མདོ་རྒྱུད་ཀུན་གྱིས་དགོངས་དོན། ཤིང་སྡོང་པོ་ས་ལ་འགྱེལ་བ་བཞིན་དུ་ལུས་ཐམས་ཅད་ས་ལ་ཕབ་སྟེ་ཕྱག་འཚལ་བ་བརྐྱངས་ཕྱག་གི་དོན་ཡིན་ཚུལ་སོགས་ཞལ་ཤེས་ཀྱི་རྒྱབ་རྟེན་དང་། དེ་ཡང་ངོ་བོ་སྒོ་ནས་དབྱེ་ན་ལུས་ངག་ཡིད་གསུམ་ གྱི་ཕྱག་དང་། ཀུན་སློང་གི་སྒོ་ནས་དབྱེ་ན། སྐྱེ་བུ་ཆུང་འབྲིང་ཆེན་གསུམ་གྱི་ཕྱག་གསུམ་བཅས་གསུམ་ཡོད།ཕན་ཡོན་ནི། རྣམ་པར་འབྱེད་པའི་མདོ་ལས། གཟུགས་བཟང་ཞིང་གསེར་གྱི་མདོག་ལྟ་བུར་འགྱུར་བ་དང༌། ནད་མེད་ཅིང་མཛེས་ཤིང་སྡུག་པར་འགྱུར་བ་དང༌། སྐད་སྙན་པར་འགྱུར་བ་དང༌། ལྷ་འདྲེ་སོགས་ཀྱི་འཇིགས་པ་མེད་པ། ལྷ་དང་མི་རྣམས་དགའ་བར་འགྱུར་བ། གཟི་བརྗིད་ཆེན་པོར་འགྱུར་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བ། མྱུར་ཏུ་ཐར་བ་འཐོབ་པ་བཅས་བཅུར་གསུངས་པའི་སངས་རྒྱས་ཀྱི་བཀའ་མི་སླུ་བ་ལ་ཡིད་ཆས་དང་། ཉི་རེར་བརྐྱངས་ཕྱག་གང་ནུས་འཚལ་ན་གོང་དུ་ནད་མེད་ཅིང་གསུངས་པ་བཞིན་ཚེ་འདི་ལ་ཡང་མཐོང་ཆོས་དང་། ཚེ་འདིའི་ལུས་བདེ་བའི་ཐབས་མཆོག་དང་། ང་རྒྱལ་མངོན་གྱུར་བ་གཞོམ་པའི་གཉེན་པོ་བླ་ན་མེད་པ་ཞིག་ཡིན། ང་རྒྱལ་དེ་ཡང་། འཕགས་པ་ཐོགས་མེད་ཀྱིས། མངོན་པ་ཀུན་བཏུས་ལས། ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ་མི་གུས་པ་དང༌། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། ཞེས་གསུངས་པ་ལྟར་རང་གི་ཕུང་པོ་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་འཇིགས་ཚོགས་ལ་ལྟ་བའི་རི་སུལ་དུ་གནས་བཅས་ཏེ། དམན་པ་འདི་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་དུ་གཞན་ལས་རང་ཉིད་མཆོག་ཏུ་འཛིན་པའི་སེམས་རྒྱུད་རབ་ཏུ་ཁེངས་ཤིང་། ཕ་རོལ་པོར་དམན་པར་བལྟས་ནས་ཁྱད་དུ་གསོད་པའི་མུན་ཁྲོད་སྦར་ཁྱིམ་མི་བཟད་པའི་སེམས་མཐོ་བའི་རྣམ་པར་ཁེངས་པ་གང་ཞིག་ལ། སེམས་རྒྱུད་རབ་ཏུ་མ་ཞི་བའི་བྱེད་པའི་སེམས་བྱུང་ཞིག་ལ་ང་རྒྱལ་དུ་གོ་དགོས་སོ། དེ་ཡང་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞལ་སྔ་ནས་། འཇིག་ཚོགས་ལྟ་བའི་རི་སུལ་གནས་བཅས་ཏེ། གཞན་ལས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང་། ཕ་རོལ་ཁྱད་དུ་གསོད་པའི་སྦར་ཁྱིམ་ཅན། ང་རྒྱལ་སེང་གེའི་འཇིགས་པ་བསྐྱབ་ཏུ་གསོལ། ཞེས་པ་གསུངས་པ་བཞིན་ཡིན་ནོ།འདིས་ཡོན་ཏན་གཞན་སྐྱེ་བ་ལ་གེགས་བྱེད་ལ། ང་རྒྱལ་གྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་བ་དང་། ང་རྒྱལ་གྱི་རི་བོ་ས་ལ་བསྙིལ་དགོས་པ་དང་། དེ་ཡང་ཕྱག་འཚལ་སའི་ཡུལ་དེའི་ཡོན་ཏན་དྲན་བཞིན་དུ་སྒོ་གསུམ་མཆོག་ཏུ་འདུད་པས་སེམས་ཁེངས་པ་མཐོ་ལིང་ལིང་གི་སེམས་རྒྱུད་རབ་ཏུ་མ་ཞི་བྱེད་པའི་སེམས་འབྱུང་མངོན་གྱུར་བ་མགོ་གནོན་པ་ཡིན། དེ་ཡང་ང་རྒྱལ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ། མངོན་པའི་རྒྱལ། ཅུད་ཟད་སྙམ་པའི་ང་རྒྱལ། ལོག་པའི་རྒྱལ་ཏེ་བདུན་གྱི་སོ་སོར་གང་གི་གཉེན་པོ་འགྲོ་མིན་རང་རྒྱུད་ལ་བསྐོར་ཏེ་ཤེས་པར་བྱའོ།ཕྱི་མར་ཡང་སྡིག་སྒྲིག་སྦྱོང་བའི་མན་ངག་བརྐྱངས་ཕྱག་འདི་ལ་ནན་ཏན་དུ་འབུངས་ཤིག། སླར་སྨྲ་པ།

མདོ་རྒྱུད་དམ་པའི་དགོངས་དོན་རང་ཡིན་གྱི་གང་དྲན་ལོག་བཤད་དེ་མ་ཡིན།།
རྗེ་བཙུན་བླ་མའི་མན་ངག་རང་ཡིན་གྱི་དཔེ་མེད་མཆོད་རྟེན་དེ་མ་ཡིན།།
མཁས་གྲུབ་ཀུན་གྱི་ཐུགས་བཅུད་རང་ཡིན་གྱི་རང་བཟོས་འཆལ་གཏམ་དེ་མ་ཡིན།།
དུས་གསུམ་རྒྱལ་བའི་གཤེགས་ཤུལ་རང་ཡིན་གྱི་དོན་མེད་གོལ་ས་དེ་མ་ཡིན།།
ཅེས་པ་འདི་ངག་དབང་སྟོབས་ལྡན་པས་བརྗེད་ངན་རྐུན་པོ་འགོག་པའི་སྒོ་ལྕགས་ཀྱི་ཚུལ་དུ་སྦྱར་བའོ།