བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར་མདོར་བསྡུས།

མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་རྣམས་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །ཐུབ་པའི་དབང་པོ་འདི་ཉིད་ཀྱི་རྣམ་ཐར་དང་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བཅོམ་ལྡན་འདས་ཁོ་ན་ལས་འཕགས་པ་གཞན་རྣམས་ཀྱི་སྤྱོད་ཡུལ་དུའང་མ་གྱུར་ན་སོ་སྐྱེའི་བློ་ཡིས་ཕྱོགས་ཙམ་ཡང་དཔོག་པར་དཀའ་མོད་འཕགས་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་གཙོ་ཆེ་བ་རྣམས་སྡེ་ཚན་བཅུ་གཉིས་སུ་དོན་གྱིས་འདུ་བར་གསུངས་པ་དང་། རྗེས་སུ་མཐུན་པའི་སྒོ་ནས་འདིར་ཡང་ཐེག་པ་ཆེ་ཆུང་གི་གདུལ་བྱ་ཐུན་མོང་ལ་ཡོངས་སུ་གྲགས་པའི་མཛད་པ་བཅུ་གཉིས་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། ༡.དགའ་ལྡན་གནས་ནས་འཕོ་བ་དང་། ༢.ལྷུམས་སུ་འཇུག་དང་། ༣.བལྟམས་པ་དང་། ༤.བཟོ་ཡི་གནས་ལ་མཁས་པ་དང་། ༥.བཙུན་མོའི་འཁོར་དགྱེས་རོལ་བ་དང་། ༦.ངེས་འབྱུང་། ༧.དཀའ་བ་སྤྱོད་པ་དང་། ༨.བྱང་ཆུབ་སྙིང་པོར་གཤེགས་པ་དང་། ༩.བདུད་སྡེ་འཇོམས་དང་། ༡༠.རྫོགས་པར་ནི། ༡༡.བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། ༡༢.མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་ཀྱི་ཐོག་མ་དགའ་ལྡན་གནས་ནས་འཕོ་བར་མཛད་པ་ནི། བདག་ཅག་གི་སྟོན་པ་དགའ་ལྡན་ལྷའི་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ་དགའ་ལྡན་པ་རྣམས་ལ་ཡང་དག་པའི་ཆོས་སྟོན་པར་མཛད། དེའི་ཚེ་སྔོན་གྱི་སྨོན་ལམ་གྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་འཛམ་བུ་གླིང་གི་ཚེ་ལོ་བརྒྱ་པའི་སེམས་ཅན་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་གཟིགས་པ་རྣམ་པ་ལྔས་གཟིགས་ནས་དགའ་ལྔན་གྱི་གནས་ནས་འཕོ་བར་མཛད་དོ། །གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི་ཧོར་ཟླ་བཞི་པ་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་ལ་གླང་ཆེན་ཐལ་དཀར་གྱི་ཚུལ་དུ་ལྷ་ལས་བབས་ཏེ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་ཞུགས་སོ། །གསུམ་པ་སྐུ་བལྟམས་པའི་མཛད་པ་ནི་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་བཞུགས་ནས་ཧོར་ཟླ་དང་པོའི་ཡར་ངོའི་ཚེས་བཅོ་ལྔ་ལ་ལུམ་བི་ནིའི་ཚལ་དུ་ཡུམ་གྱི་མཆན་ཁུང་གཡས་པའི་རྩིབ་མའི་བར་ནས་ཡུམ་ལ་གནོད་པ་མེད་པར་ན་བཟའ་དང་བཅས་ནས་འཁྲུངས་སོ། །འཁྲུངས་མ་ཐག་ཕྱོགས་རེར་གོམ་པ་བདུན་བདུན་བོར་ཏེ། འཇིག་རྟེན་འདི་ན་ང་ཉིད་མཆོག་ཡིན་གསུངས། གོམ་པ་རེ་ལ་མེ་ཏོག་པདྨ་རེ་བྱུང་བ་སོགས་ངོ་མཚར་བའི་བཀྲ་ཤིས་ཀྱི་ལྟས་དུ་མ་བྱུང་བས་རྒྱལ་པོ་ཟས་གཙང་མས་བུ་འདིས་སེམས་ཅན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་པས་མཚན་ཡང་གཞོན་ནུ་ཐམས་ཅད་གྲུབ་པ་ཞེས་བཏགས་སོ། །བཞི་པ་བཟོའི་གནས་ལ་སྦྱངས་པའི་མཛད་པ་ནི་དེ་ནས་རྒྱལ་བུ་ཆེར་སྐྱེས་ནས་སློབ་དཔོན་ཀུན་གྱི་བཤེས་གཉེན་བྱ་བའི་དྲུང་ལས་ཡི་གེ་སློབ་པའི་ཚུལ་བསྟན་པས་ཡི་གེ་ལ་མཁས་པར་གྱུར། གཞན་ཡང་མདའ་འཕང་བ། ཆུ་ལ་རྐྱལ་བ། འདེགས་དང་མཆོང་ལ་སོགས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་བཟོའི་གནད་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏོ། །ལྔ་པ་བཙུན་མོའི་འཁོར་གྱིས་རོལ་བའི་མཛད་པ་ནི། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་པར་བྱ་བའི་ཕྱིར། ས་འཚོ་མ་དང་། གྲགས་འཛིན་མ་དང་། རི་དྭགས་སྐྱེས་མ་ལ་སོགས་པའི་བཙུན་མོ་དྲུག་ཁྲི་དང་བཅས་དགུང་ལོ་ཉི་ཤུ་རྩ་དགུའི་བར་ཁབ་ཏུ་བཞུགས་ནས་རྩེ་དགས་རོལ་ཞིང་རྒྱལ་སྲིད་ཀྱི་བྱ་བ་མཛད་དོ། །དྲུག་པ་ངེས་པར་འབྱུང་བའི་མཛད་པ་ནི་དགུང་ལོ་ཉེར་དགུའི་ཐོག་ཉིན་ཞིག་སྐྱེད་ཚལ་ལ་གཟིགས་པའི་ཕྱིར་ཕེབས་པ་ན་གྲོང་ཁྱེར་སེར་སྐྱའི་ཕྱོགས་བཞི་ན་རྒ་བ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་ཞིག་བཅས་གཟིགས་ནས་འཁོར་བའི་བྱ་བར་སྙིང་པོ་མེད་པར་དགོངས་ཏེ་ཡབ་ལ་རབ་ཏུ་བྱུང་བར་ཞུས་པས་མ་གནང་བར་གྲོང་ཁྱེར་དམག་གིས་བསྐོར་ནས་བསྲུང་ཡང་དེའི་མཚན་མོ་བཙུན་མོ་གྲགས་འཛིན་མའི་མངལ་དུ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ་ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། རྒྱལ་ཆེན་བཞིས་སྟེང་གི་ནམ་མཁའ་ལ་གདན་དྲངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས་ཏེ་རབ་ཏུ་བྱུང་བར་མཛད་དོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་སྐབས་དེར་རྒྱ་གར་ལ་དར་རྒྱས་ཆེ་བའི་མུ་སྟེགས་པའི་ཆོས་ལུགས་ལ་ཟས་སྤངས་པ་དང་མེ་ལྔ་བརྟེན་པ་ལ་སོགས་པའི་ལུས་ཀྱི་དཀའ་ཐུབ་སྤྱད་དེ་འཁོར་བ་ལས་གྲོལ་བར་འདོད་པ་སུན་དབྱུང་ཞིང་དེ་ཙམ་གྱིས་ཐར་པ་ཐོབ་མི་ཐུབ་པར་བསྟན་པ་སོགས་ཀྱི་དགོས་པ་མང་པོ་ལ་ཉེ་བར་གཟིགས་ནས་ཆུ་བོ་ནེེ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་ཟས་དང་སྐོམ་བཅད་པ་ལ་སོགས་པའི་དཀའ་བ་སྤྱད། དེའི་ཚེ་བྱང་ཆུབ་སེམས་པའི་ལུས་རིད་ཅིང་མདངས་ནག་པོར་གྱུར་པས་དགེ་སྦྱོང་ནག་པོ་ཞེས་གྲགས། དེ་ནས་ལུས་ངག་གི་དཀའ་ཐུབ་ལ་སྙིང་པོ་མེད་པས་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས། སྐུ་གསེར་གྱི་མདོག་ཅན་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་གྱུར་ཏོ། །བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་པ་རྡོ་རྗེ་གདན་དུ་གཤེགས་པའི་ཚེ། ལམ་དུ་རྩྭ་འཚོང་བཀྲ་ཤིས་བྱ་བ་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས་བྱང་ཆུབ་ཤིང་ལ་བསྐོར་བ་ལན་བདུན་བྱས། སེང་གེའི་ཁྲིའི་སྟེང་དུ་རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང་། དྲན་པ་མངོན་པར་བཞག་ནས། སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་དོ། །དགུ་པ་བདུད་བཏུལ་བའི་མཛད་པ་ནི། དེ་ནས་བདུད་སྡིག་ཏོ་ཅན་ལའང་རྨི་ལྟས་ངན་པ་སུམ་ཅུ་རྩ་གཉིས་བྱུང་བ་སོགས་འཇིགས་སྐྲག་སྔངས་ཤིང་ཤིན་ཏུ་མི་བཟད་པའི་སེམས་བསྐྱེད་དེ་བདུད་ཀྱི་དམག་ཡན་ལག་བཞི་དང་ལྡན་པའི་དཔུང་ཆེན་པོ་འཐབ་མོ་ལ་ཤིན་ཏུ་དཔའ་བ། དྲན་པ་ཙམ་གྱིས་ཀྱང་སྙིང་འགས་པར་ནུས་པའི་འཇིགས་རུང་སྤྲུལ་པ་བརྒྱ་སྟོང་ལྡན་པ་བྱེ་བ་ཕྲག་བརྒྱ་འོངས་ནས་བྱང་ཆུབ་སེམས་པ་ལ་སྡིག་མོ་བྱེད་པ་དང་། མཚོན་ཆའི་ཆར་འབེབས་པ་སོགས་བྱང་ཆུབ་ལས་གཡོ་བའི་ཕྱིར་བར་ཆད་བྱ་བར་བརྩམས་ཀྱང་། བྱང་ཆུབ་སེམས་དཔའ་ནི་གཡོ་འགུལ་ཙམ་ཡང་མི་ནུས་ཤིང་། མཚོན་ཆ་འཕངས་པ་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་ནས་ས་གཞི་དང་། བྱང་ཆུབ་ཀྱི་ཤིང་མཛེས་པར་བྱེད་པའི་རྒྱན་ཏུ་གྱུར། དེ་ནས་སླར་རང་གི་བུ་མོ་སྲེད་མ་དང་དགའ་མ་སོགས་ལ་བར་ཆད་ཅི་ནུས་བྱོས་ཤིག་ཅེས་བཏང་། དེ་དག་གིས་ཀྱང་བཞིན་ཕྱེད་འགེབས་པ་ལ་སོགས་བུད་མེད་ཀྱི་གཡོ་སྒྱུ་སོ་གཉིས་ཉེ་བར་བསྟན་ཏེ་འདོད་ཆགས་ཀྱིས་བསླུ་བར་བརྩམས་ཀྱང་ཐུགས་གཡོ་བར་མ་ནུས། དེ་ལྟར་བྱང་ཆུབ་སྙིང་པོར་བཞུགས་པའི་ནམ་སྲོད་འཇིགས་རུང་གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་བར་མཛད་དོ། །བཅུ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ནི། བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་བཞེས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་ཀྱི་དུས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ནུབ་མོ་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཞེས་གྲགས། བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱིས་གཙོས་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་ནས་ལྷ་དང་མི་ལ་སོགས་པའི་གདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད་དོ། །བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། སྤྱིར་བཅོམ་ལྡན་འདས་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་གནས་པས་མྱ་ངན་ལས་འདའ་བ་མེད་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་པར་འཛིན་པ་བཟློག་པའི་ཕྱིར། མཐར་དགུང་ལོ་གྱ་གཅིག་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གྲོང་ཁྱེར་ཆེན་པོ་རྩ་མཆོག་ཏུ་སཱ་ལའི་ཚལ་གྱི་དབུས་ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །

དུང་དཀར་རིན་པོ་ཆེའི་ཚིག་མཛོད་ལས་བཏུས།