སེར་བྱེས་དགེ་བཤེས་ཐབས་མཁས།
འདི་ལོར་རྒྱལ་སྤྱིའི་ཙོང་ཁ་པའི་ལོ་སྲུང་བརྩི་བྱེད་པའི་ཆ་ཤས་ཀྱི་ཁོངས་སུ་སྐུ་བཅར་རྣམ་རྒྱལ་གྲ་ཚང་ནས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་གནང་བའི་ཁོངས་སུ་རྨོངས་པ་བདག་ལ་ཡང་བོང་བ་གསེར་གཟིགས་ཀྱིས་ཆ་ཤས་ཕྲ་མོ་ལེན་པའི་སྐལ་བཟང་གི་གོ་སྐབས་གནང་བྱུང་། སྤྱིར་ན་རང་ཉིད་སྐྱེས་སྦྱངས་ཀྱི་བློ་གྲོས་གང་ཐད་ནས་དམན་ཡང་འཕགས་མཆོག་ཕྱག་ན་པདྨོའི་བཀའ་སྒྲུབ་མཉེས་མཆོད་ཀྱི་དོན་བཟང་ཞིག་གི་ཆ་ཤས་སུ་བཞུགས་པའི་སྐལ་བཟང་ཁོ་ནར་བསམ་ནས་གོང་གསལ་གྱི་བརྗོད་གཞིའི་ཐོག་རྨོངས་འཆར་ཅུང་ཟད་འབུལ་འདོད་བྱུང།
ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ཇི་ལྟར་བྱུང་ངམ། མ་འོངས་པ་ན་ཇི་ལྟར་བྱེད་དམ། ཅེས་པའི་ལན་འདེབས་མཁན་གྱི་ཁྲོད་གཞུང་ལུགས་གང་མང་བྱུང་ཡོད་རུང་ཆ་ཚང་བ་དང་གཏིང་ཟབ་པའི་སྒོ་ནས་འགྲེལ་བརྗོད་བྱེད་ཐུབ་མཁན་ནི་ཡང་དག་པའི་ལྟ་གྲུབ་དང་ཉམས་མྱོང་ཚད་མ་སྲོག་ཏུ་བཟུང་བའི་སྟོན་པ་སངས་རྒྱས་ཀྱི་ཆོས་དང་། བརྟག་དཔྱད་དང་ཞིབ་འཇུག་ཀྱི་འབྲས་བུ་སྲོག་རྩར་འཛིན་པའི་དེང་རབས་ཚན་རིག་གཉིས་གཙོ་བོ་ཆགས་ཡོད། དེ་ཡང་འདིར་ཚན་རིག་ལས་དངོས་ཁམས་དང་། ནང་པའི་གཞུང་ལས་དཔལ་དུས་ཀྱི་འཁོར་ལོའི་གཞུང་ལས་བྱུང་བའི་འཇིག་རྟེན་ཁམས་ཀྱི་གཞི་རྩའི་གྲུབ་ཚུལ་ཐད་ལུགས་སོ་སོའི་འདོད་ཚུལ་མདོར་ཙམ་རེ་དང་། འདོད་ཚུལ་དེ་གཉིས་དབར་མཚུངས་བསྡུར་ཅུང་ཟད་ཅིག་བཅས་དོན་ཚན་གསུམ་གྱི་སྒོ་ནས་ཅུང་ཟད་གླེང་རྒྱུ་ཡིན།
ཚན་རིག་གི་རྣམ་གཞག་ལས་གས་ཐོར་ཆེན་མོའི་རྣམ་བཞག་དང་དེའི་འཕེལ་འགྱུར།
དེང་རབས་ཚན་རིག་པ་ཕལ་ཆེ་བས་ཁས་ལེན་པའི་སྣོད་བཅུད་གཉིས་ཀྱི་རྣམ་གཞག་ནི། གས་ཐོར་ཆེན་མོའི་རྣམ་བཞག་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་བྱུང་རབས་དང་། འཕེལ་འགྱུར་རིག་པའི་རྣམ་བཞག་ཏེ་ནང་བཅུད་སེམས་ཅན་གྱི་བྱུང་རབས་གཉིས་ཡིན། དེ་ལས་གས་ཐོར་ཆེན་མོའི་རྣམ་གཞག་ནི། དེང་རབས་དངོས་ཁམས་ཚན་རིག་དང་སྐར་དཔྱད་རིག་པ་གཉིས་ཀྱིས་རྟོག་ཞིབ་དང་། ཨང་རྩིས་ཀྱིས་ཐབས་ལམ་དུ་མ་ལ་བརྟེན་ནས་གཏན་ལ་ཕབས་པའི་ཡོངས་གྲགས་གྲུབ་དོན་ཞིག་ཡིན་པ་དང་། རྣམ་བཞག་འདི་ལྟར་ན། མཐོང་ཆོས་སུ་གྱུར་པའི་འཇིག་རྟེན་ཁམས་འདིའི་ནང་གི་ད་ལྟའི་དངོས་པོ་ཐམས་ཅད་ཐོག་མར་གཞི་གཅིག་ནས་འགོ་བཙུགས་ཏེ་བྱུང་བ་དང་། དེ་ནས་རྒྱ་སྐྱེད་དེ་ད་ལྟ་བར་ལོ་ངོ་ཐེར་འབུམ ༡༣་༧ ཙམ་ཕྱིན་ཡོད་པར་བཤད་ཀྱི་ཡོད། དེ་ཡང་གས་ཐོར་ཆེན་མོའི་ལྟ་ཚུལ་འཕེལ་འགྱུར་ཇི་ལྟར་བྱུང་ཅུང་ཟད་གླེང་ན། ཕྱི་ལོ་ ༡༩༢༧ ལོར་ཡེ་ཤུའི་མཆོད་དཔོན་ཇོར་ཇི་ལེ་མའི་ཀྲི (Georges Lemaitre) ཞེས་པ་དེས་དེ་སྔོན་ཚན་རིག་པ་ཨ་ཡིན་སི་ཊན་ Einstein གྱིས་སྟོན་པའི་སྤྱིའི་ལྟོས་གྲུབ་ཀྱི་རྣམ་གཞག་གི་མཚུངས་རྩིས་དང་། དགུ་ཚིག་རྒྱང་འགྲོས་བྱེད་པ་གཉིས་གཞིར་བཟུང་སྟེ། འཇིག་རྟེན་འདི་གདོད་མའི་དངོས་གཟུགས་ཀྱི་གོང་བུ་ཕྲ་མོ་ཞིག་གས་ཐོར་དང་ལྷན་དུ་འགོ་ཚུགས་པ་རེད་ཅེས་བརྗོད་ཡོད་པ་དང༌། ལེ་མའི་ཀྲི་ཡི་འཇིག་རྟེན་རྒྱ་སྐྱེད་ཀྱི་ལྟ་གྲུབ་དེར་ཕྱིས་སུ་མིང་འདོགས་བྱེད་མཁན་གཅིག་ནི།འཇིག་རྟེན་འགུལ་མེད་ཀྱི་རྣམ་གཞག་པ་(Holey-950)ཧོའི་ལི་ཡིན་ལ། དེ་ཡང་ཐོག་མར་མིང་ངན་གྱི་ཚུལ་དུ་གས་ཐོར་ཆེན་མོ་(BigBang) ཞེས་བོས་པ་ལས་མིང་དེ་ལྟར་ཐོགས་པ་རེད། སྤྱིར་བཏང་ཧབ་བྷལ་གྱི་གཏན་སྲོལ་མ་དར་བའི་སྔོན་དུ་ཚན་རིག་པ་ཨ་ཡིན་སི་ཐན་སོགས་ཀྱིས་འཇིག་རྟེན་འགུལ་མེད་སོར་གནས་ཀྱི་རྣམ་གཞག་འདོད་ཀྱི་ཡོད། དེ་ཡང་ཨ་ཡིན་སི་ཐན་རང་ཉིད་ཀྱི་གསར་གཏོད་བྱས་པའི་སྤྱིའི་ལྟོས་གྲུབ་ཀྱི་རྣམ་གཞག་ལྟར་ན་འཇིག་རྟེན་རྒྱ་སྐྱེད་བྱེད་དགོས་ཀྱི་ཡོད་ཀྱང་། སྐབས་དེ་དུས་ཀྱི་གནམ་རིག་བརྟག་དཔྱད་སྐབས་རྒྱ་སྐྱེད་ཀྱི་མཐོང་སྣང་མ་བྱུང་སྟབས། ཁོང་ཚོས་འཇིག་རྟེན་འདི་ཐོག་མ་མེད་པ་ནས་ད་བར་མུ་མཐའ་དང་གཡོ་བ་མེད་པར་དེ་མུར་གནས་པར་འདོད་ཀྱི་ཡོད་ལ། དེའི་འདྲའི་རྣམ་གཞག་གི་ཆེད་དུ་ཨ་ཡིན་སི་ཐན་གྱིས་འཇིག་རྟེན་བརྟན་གྲངས་ཞེས་པའི་རྣམ་གཞག་སྟོན་པ་སོགས་ནི། ཕྱིས་སུ་ཨ་ཡིན་སི་ཐན་གྱི་མི་ཚེའི་ནང་གི་ནོར་འཁྲུལ་ཆེ་ཤོས་ཀྱི་གྲངས་སུ་བརྩི་གི་ཡོད།དེ་རྗེས་ཕྱི་ལོ་ ༡༩༢༩ལོར་ཨ་རིའི་སྐར་དཔྱད་རིག་པ་བ། ཨེ་ཌི་ཝིན་ཧབ་བྷལ་(Edwin Hubble)གྱིས་ནམ་མཁར་ཡོད་པའི་དགུ་ཚིག་ལ་རྒྱང་ཤེལ་རྒྱུད་དཔྱད་པ་བྱེད་སྐབས་འོད་ཟེར་ཡོད་ཚད་ཁ་དོག་དམར་པོའི་ཕྱོགས་སུ་སྐྱོག་པའམ་དམར་ཤས་ཅན་དུ་འགྱུར་བ་རྙེད་ཡོད། དེ་ནི་འོད་མདངས་ཅན་གྱི་དངོས་གཟུགས་ཤིག་ལ་བལྟ་སྐབས་དངོས་གཟུགས་དེ། རྟོག་ཞིབ་པའི་གནས་བབ་ནས་ལྡོག་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་ཡོད་ན། དེ་ལས་བྱུང་བའི་འོད་ཀྱི་ཁ་དོག་ཇེ་དམར་དུ་འགྲོ་བ་དང་ངང་ཚུལ་དེར་ཚན་རིག་གི་ཐ་སྙད་དུ་དམར་སྤོས་(RedShifted) ཟེར་བ་དང་། དེ་ཡང་རྒྱང་འགྲོས་ཀྱི་མྱུར་ཚད་ཆེ་རུ་འགྲོ་སྐབས་དམར་སྤོས་ཚད་མཐོ་རུ་འགྲོ ཚུལ་གྱི་གཏན་ཁྲིམས་དེར་ཧབ་བྷལ་གྱི་གཏན་ཁྲིམས་ཟེར་བ་ཡིན། འཇིག་རྟེན་ནང་ཡོད་པའི་སྐར་ཚོམ་དང་དགུ་ཚིགས་དག་ལ། དེང་སྐབས་ཕྱོགས་གང་ནས་ལྟས་ཀྱང་ཕན་ཚུན་ཁ་གྲམ་ནས་འགྲོ་བཞིན་པའི་རྒྱ་སྐྱེད་བྱེད་ཀྱིཡོད་པའི་དངོས་ཡོད་ཀྱི་མཐོང་སྣང་འདི་ལ་བརྟེན་ནས། རྒྱབ་ཤིག་བྱེད་སྐབས་འདས་པའི་དུས་སུ་འདི་དག་ཐོག་མར་མཐའ་མེད་པའི་ནུས་པ་དང་། དྲོད་ཚད་ཀྱི་གོང་བུ་ཤིན་ཏུ་ཆུང་ངུའི་གནས་སུ་གཞི་གཅིག་ཏུ་ཡོད་པ་ནས་གློ་བུར་དུ་རྒྱ་སྐྱེད་པ་དང་། རིམ་ཁ་གྲམ་དང་གྲམ་བཞིན་པར་རྗེས་དཔག་བྱེད་ཀྱི་ཡོད། དེར་རྟེན་ཧབ་བྷལ་གྱི་གྲུབ་དོན་འདི་ནི་གས་ཐོར་ཆེན་མོའི་དཔང་རྟགས་ལེགས་ཤོས་གཅིག་ཡིན། དེ་བཞིན་ཕྱི་ལོ་༡༩༦༤ ལོར་སྣང་སྲིད་རྒྱབ་ལྗོངས་ཕྲ་རླབས་ CM-backgroundགསར་རྙེད་བྱུང་བ་དེ་ལས་ནི་གས་ཐོར་ཆེན་མོའི་ལྟ་ཚུལ་ནི། རྣམ་གཞག་ཙམ་མིན་པར་ཁུངས་སྐྱེལ་དང་ལྡན་པར་ངོས་ལེན་བྱུང་བ་རེད། འདིས་ཁུངས་སྐྱེལ་ཚུལ་ནི། གས་ཐོར་ཆེན་མོ་བྱུང་ནས་ལོ་འབུམ་བཞི་ཙམ་གྱི་སྐབས་སུ་འོད་ཕྱིར་འཕྲོ་བྱས་པའི་རླབས་ཐུང་རྣམས་བར་སྣང་རྒྱ་སྐྱེད་ལ་རྟེན་ནས་ད་ཆ་རླབས་རིང་པོར་གྱུར་ཏེ་ལྷག་ཡོད་པའི་ཚུལ། ཨང་རྩིས་ནང་བབ་པ་དང་མཐུན་པར་དེང་སྐབས་དེ་འདྲའི་རླབས་རིང་དག་བར་སྣང་གི་ཕྱོགས་ཀུན་ནས་རྙེད་པ་དེར་རྒྱབ་ལྗོངས་ཕྲ་རླབས་ཟེར་གྱི་ཡོད་པས་རེད། དེ་བཞིན་དུ་ཉེ་བའི་དུས་ཚོད་ནང་རྒྱང་ཤེལ་སྤུས་ལེགས་བཟོ་སྐྲུན་ཐུབ་པ་དང་། མིས་བཟོས་སྲུང་སྐར་ཁོ་བི་ (COBE)ཡིས་ཚད་འཇལ་ཟིན་ཐོ་གསར་པར་བརྟེན་ནས་གས་ཐོར་ཆེན་མོའི་གཞུང་ལུགས་ཐད་ཤེས་རྟོགས་གཏིང་ཟབ་ཏུ་དང་། དཔང་རྟགས་མང་དུ་རྙེད་ཡོད་པའི་ཁོངས་སུ་འཇིག་རྟེན་རྒྱ་སྐྱེད་ཀྱི་མགྱོགས་ཚད་ཀྱང་བརྟན་ཚུགས་སུ་མིན་པར་གློ་བུར་དུ་གོང་མཐོར་འགྲོ་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ལ་རྟེན་ནས་བུ་ག་ནག་པོ་དང་། མི་མངོན་པའི་ནུས་པ་སོགས་སྐོར་གྱི་རྣམ་གཞག་དེ་དག་ཀྱང་བྱུང་བ་རེད། མདོར་ན་ད་བར་གྱི་ཚད་འཇལ་བཟང་ཤོས་ཀྱི་འབྲས་བུ་གཞིར་བཟུང་ནས། གནམ་རིག་ཚན་རིག་པ་ཕལ་ཆེ་བས་གས་ཐོར་ཆེན་མོ་ནི། ལོ་ངོ་ཐེར་འབུམ་༡༣.༧ ཙམ་གྱི་སྔོན་དུ་བྱུང་བར་འདོད་ཀྱི་ཡོད། གས་ཐོར་ཆེན་མོ་མ་བྱུང་བའི་སྔོན་དུ་གང་ཡོད་པ་དང་གང་འདྲ་ཡོད་པ། དེ་ལས་ཐམས་ཅད་ཁ་འཐོར་གྱིས་རྒྱ་སྐྱེད་ཡོང་དོན་སོགས་དོན་གནད་མང་པོ་ཞིག་དེང་རབས་ཚན་རིག་གིས་ད་བར་འགྲེལ་བརྗོད་ཐུབ་ཀྱི་མེད་ཀྱང་གས་ཐོར་ཆེན་མོ་བྱུང་བའི་རྗེས་སུ་གང་བྱུང་མིན་དང་ལྷག་པར་དུ་ཆེས་ཤིན་ཏུ་ཐུང་བའི་སྐར་ཆ་ཕྲ་མོ་ཞིག་གི་ནང་གི་བྱུང་བ་རྣམས་ཧ་ཅང་གི་ཞིབ་ཚགས་ངང་སྡེ་ཚན་ཆ་བགོས་ཀྱི་ཐོག་ནས་བཤད་ཀྱི་ཡོད་པའི་སྡེ་ཚན་འདི་རིགས་ལ་དུས་བསྐལ་ཟེར་བ་དང་། དུས་བསྐལ་མི་འདྲ་བ་རེ་རེའི་ནང་དུ་དམིགས་བསལ་གྱི་གནས་ཚུལ་གང་བྱུང་བ། དེའི་ཐོག་ནས་མིང་བཏགས་ཡོད། དུས་བསྐལ་གྱི་སྡེ་ཚན་མང་པོ་བཤད་དུ་ཡོད་ཀྱང་གནད་ཆེ་བ་འགའ་བཀོད་ན།
པི་ལིང་གི་བསྐལ་པ། གས་ཐོར་ཆེན་མོ་བྱུང་ནས་སྐར་ཆ་ 10-43s དེའི་ནང་།
དུས་བསྐལ་འདིའི་རིང་གཞི་རྩའི་ཤུགས་བཞི་སྟེ་གློག་ཁབ་ལེན་གྱི་ཤུགས་དང་། ཞན་ཤུགས། དྲག་ཤུགས། འཐེན་ཤུགས་བཅས་ཚང་མ་ནུས་པ་མཉམ་དགོས་པས་སྐབས་དེར་གཅིག་སྡུད་ཀྱི་ཤུགས་གཅིག་ལས་མེད་པའང་ཡིན་སྲིད། ཆེས་སྔ་བའི་དུས་སྐབས་དེའི་གནས་ཚུལ་དེ་ཙམ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང། སྤྱིའི་ལྟོས་གྲུབ་ཀྱི་རྣམ་བཞག་ལྟར་བྱས་ན་དུས་བསྐལ་འདིའི་སྔ་རོལ་དུ་འཐེན་ཤུགས་ཀྱིས་ཟིན་པའི་གཅིག་རྐྱང་གི་གོང་བུ་ཞིག་ཙམ་ཁོ་ན་ཡོད་པར་འདོད་དགོས་ཀྱང་བསམ་ཚུལ་དེར་ཚད་རྡུལ་ཤུགས་རིག་གིས་གནོད་ཀྱི་ཡོད། དེང་དུས་ཡར་ཐོན་བྱུང་བཞིན་པའི་ཚད་རྡུལ་འཐེན་ཤུགས་ཀྱི་གྲུབ་དོན། དཔེར་ན། ཕྲ་སྐུད་རྣམ་བཞག་ཟེར་བ་དེ་ཚོས་དུས་བསྐལ་འདིའི་སྐོར་གནས་ཚུལ་མང་ཙམ་དང་ཁ་ཇེ་གསལ་དུ་གཏང་ནས་འགལ་ཟླ་དེ་བསལ་ཐབས་བྱེད་བཞིན་ཡོད། དུས་ཚོད་འདི་ནི་ད་བར་གླེང་བའི་དུས་ཀྱི་ཐུང་མཐའ་ཕྲ་ཤོས་དེར་རྩི་གི་ཡོད། དེ་ཡང་སྐར་ཆ་གཅིག་དུམ་བུ་གྲངས་གནས་ཞེ་གསུམ་པར་བགོས་པའི་ཆ་གཅིག་ཟེར་བ་སྟེ། ཨང་གྲང་ནང་བཀོད་ན། ༠.༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༡དེ་ལྟར་རེད། རྒྱ་སྐྱེད་ཀྱི་བསྐལ་པ། གས་ཐོར་ཆེན་མོའི་རྗེས་ཀྱི་སྐར་ཆ་10-36sནས 10-32བར།སྐབས་དེའི་དྲོད་ཚད་གསལ་པོ་ཤེས་རྟོགས་མི་ཐུབ་པས་དུས་ཡུན་ཇི་ཙམ་གནས་མིན་རོབ་ཙམ་ལས་ཏག་ཏག་གཅིག་ཤེས་ཐུབ་ཀྱི་མེད་ཀྱང་དུས་བསྐལ་འདི་ནི་འཇིག་རྟེན་རྒྱ་སྐྱེད་བྱེད་འགོ་བཙུགས་བྱས་པ་ལྷན་དུ། ཕྱོགས་མཐའ་ཡོངས་སུ་གཅིག་འགྱུར་ངང་རྒྱ་སྐྱེད་ཆེ་ཤོས་དེ་བྱས་པར་འདོད་ཀྱི་ཡོད། གས་ཐོར་ཆེན་མོ་འགོ་འཛུགས་བྱུང་བའི་ནང་འཇིག་རྟེན་གྱི་རྒྱ་ཆུང་ངུ་ནས་ཆེ་རུ་འགྲོ་བ་ཡིན་ཀྱང་། དྲོད་ཚད་དང་། ནུས་པ་རྣམས་ཧ་ཅང་ཆེན་པོ་ནས་རིམ་བཞིན་ཆུང་དུ་འགྲོ་བ་མ་ཟད་། སྟུག་ཚད་ཀྱང་ཇེ་ཆུང་དུ་འགྲོ་དང་འགྲོ་བཞིན་པ་ཡིན། ཁུ་ཨག་གི་བསྐལ་པ། གས་སྒྲ་ཆེན་པོ་རྗེས་ཀྱི་སྐར་ཆ་10-12s ནས 10-6s བར། དུས་བསྐལ་འདི་རིང་དེའི་གོང་ལྟར་གྱི་རྒྱ་སྐྱེད་ཤུགས་ཆེ་བ་དེ་མཚམས་ཆད་པ་དང་རྒྱ་སྐྱེད་ཀྱི་ནུས་པ་ལྷག་མ་རྣམས་རྡུལ་གྱི་པི་ལ་སི་མའིplasmaངོ་བོར་འགྱུར། སྐབས་འདིར་འཇིག་རྟེན་ཁྱོན་ཡོངས་འགྱེད་འཕྲོ་དང་། གློག་རྡུལ། ནིའུ་ཊྲི་ནོ་བཅས་གཞི་རྩའི་རྡུལ་རྣམས་གྲམ་སྟེ་གནས་པ་མ་ཟད་། ལྷག་པར་དུ་ཁུ་ཨག་རྣམས་ཁ་གྲམ་ནས་གནས་པ་ལས་གཅིག་ཏུ་ཚོགས་ནས་ཧེ་ཌོན་གྱི་རྡུལ་ཆགས་ཐུབ་མེད། དེའི་རྒྱུ་མཚན་ནི་ད་དུང་ཡང་ཚ་དྲོད་ཧ་ཅང་ཆེ་སྟབས་གཞི་རྩའི་རྡུལ་ཆ་མེད་རྣམས་བསྒུལ་སྐྱོད་མྱུར་བ་དང་། བསྒུལ་སྐྱོད་ཆེ་དྲག་ནས་ཚུར་འཆིང་མ་ཐུབ་པར་ཁ་གྲམ་སྟེ་གནས་དགོས་པ་ཆགས་ཡོད།ཧེ་ཌོན་གྱི་བསྐལ་པ། གས་ཐོར་ཆེན་མོའི་རྗེས་ཀྱི་སྐར་ཆ་ 10-6 ནས 1 བར། དེ་རྗེས་དྲོད་ཚད་རིམ་བཞིན་དམའ་རུ་ཕྱིན་པ་དང་ལྷན་དུ་ཁུ་ཨག་རྣམས་ཕན་ཚུན་འབྱར་ཐུབ་པ་དང་། དེ་ལས་ཧེ་ཌོན་གྱི་རྡུལ་རིགས་རྣམས་གྲུབ་ནས་ཕོ་རྡུལ་དང་། བར་རྡུལ་རྣམས་གྲུབ་མགོ་རྩམས་ཡོད་པའི་དུས་ཡུན་དེར་ཧེ་ཌོན་གྱི་དུས་བསྐལ་ཟེར་གྱི་ཡོད། ལེབ་ཊོན་གྱི་བསྐལ་པ། གས་ཐོར་ཆེན་མོའི་རྗེས་ཀྱི་སྐར་ཆ་ 1 ནས་སྐར་མ་ 3 བར། ཧེ་ཌོན་གྱི་དུས་བསྐལ་རྫོགས་མཚམས་ཧེ་ཌོན་དང་དེའི་ལྡོག་རྡུལ་གཉིས་འཐབ་པས་གཉིས་ཀ་ལྷན་དུ་འཇིག་པ་དང་འཇིག་རྟེན་ནང་ཕལ་ཆེ་བ་ལེབ་ཊོན་དང་དེའི་ལྡོག་རྡུལ་གྱི་ཁེངས་ཡོད། གས་སྒྲ་ཆེན་མོ་བྱུང་ནས་སྐར་ཆ་གསུམ་ཙམ་གྱི་རྗེས་སུ་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ཐོག་མ་ལས་ཧ་ཅང་དམའ་བས་ལེབ་ཊོན་དང་དེའི་ལྡོག་རྡུལ་གསར་སྐྲུན་མཚམས་འཇོག་བྱུང་བ་དང་། སྔར་ཡོད་ལེབ་ཊོན་དང་དེའི་ལྡོག་རྡུལ་མང་ཆེ་བ་ཕན་ཚུན་འཐབ་པས་ཡལ་ཏེ་ལེབ་ཊོན་གྱི་གྲངས་ཉུང་ཉུང་ཞིག་ལས་ལྷག་མེད། ལྟེ་རྡུལ་བཟོ་སྐྲུན། གས་སྒྲ་ཆེན་པོ་རྗེས་ཀྱི་སྐར་མ་ 3 ནས་སྐར་མ་ 20 བར། (ལྟེ་རྡུལ་བཟོ་སྐྲུན་གྱི་སྐོར་དེ་གནད་ཆེ་ཤོས་ཤིག་ཡིན་མོད་དེའི་དུས་ཚོད་ལ་ཚན་རིག་པ་རྣམས་ཏོག་ཙམ་མི་མཐུན་པ་མང་འོན་ཀྱང་ཚང་མས་དེ་དུས་ཡུན་ཐུང་ངུ་ཅིག་མ་གཏོགས་བྱུང་མེད་པར་འདོད་པ་མཚུངས་པ་ཡིན) འགྱེད་འཕྲོས་དབང་སྒྱུར་གྱི་བསྐལ་པ་རྫོགས་མཚམས་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ནི། རྡུལ་ཕྲན་གྱི་ལྟེ་རྡུལ་ཆགས་ཐུབ་པའི་དྲོད་ཚད་བར་ཆག་པ་དང༌། ཕོ་རྡུལ་དང་བར་རྡུལ་རྣམས་མཉམ་འདུས་བྱེེད་པའི་ལྟེ་རྡུལ་སྡེབ་སྦྱོར་གྱི་བརྒྱུད་རིམ་གྱི་ཐོག་ནས། རྡུལ་ཕྲན་གྱི་ལྟེ་རྡུལ་ཆགས་འགོ་ཚུགས། འོན་ཀྱང་ལྟེ་རྡུལ་བཟོ་སྐྲུན་གྱི་གནས་སྟངས་དེ་སྐར་ཆ་ཐུང་ངུ་ཞིག་མ་གཏོགས་གནས་མ་ཐུབ་པ་ནི། འཇིག་རྟེན་ཁམས་ཀྱི་སྟུག་ཚད་ཇེ་ཆུང་དུ་སོང་བ་དེ་ལ་རྟེན་ནས་དྲོད་ཚད་ཀྱང་ཧ་ཅང་ཉམས་འགྱུར་སོང་བས་ལྟེ་རྡུལ་སྡེབ་སྦྱོར་གྱི་བརྒྱུད་རིམ་མུ་མཐུད་གནས་མ་ཐུབ་པར་འདོད། དུས་བསྐལ་འདིའི་རིང་། ཡང་རླུང་གི་རྡུལ་ཕྲན་གྱི་གྲངས་འབོར་དེ་ཧི་ལི་ཡམ་གྱི་རྡུལ་ཕྲན་གྱི་གྲངས་ལས་ལྡབ་གསུམ་གྱི་མང་བ་དང་། དེ་ལས་གཞན་པའི་རྩ་རྫས་ཀྱི་རྡུལ་རིགས་ཧ་ཅང་ཉུང་ངུ་ཞིག་ལས་མེད་པའི་ཚོད་དཔག་བྱེད། འགྲེལ་ཚུལ་འདི་ཡང། གས་ཐོར་ཆེན་མོའི་རྣམ་བཞག་དང་དེའི་རྒྱབ་རྟེན་གྱི་དཔང་རྟགས་གལ་ཆེ་ཞིག་ཡིན་ཏེ། དེང་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་རྩ་རྫས་ཁྱབ་ཚུལ་འཇལ་བའི་བརྟག་དཔྱད་ཀྱི་འབྲས་བུ་དང་མཐུན་པས་སོ། གས་ཐོར་ཆེན་པོ་བྱུང་ནས་ལོ་ངོ་འབུམ་བཞི་ཙམ་གྱི་རྗེས་འོད་ཟེར་ཕྱིར་གཏོང་ཐུབ་པ་དང་། ད་བར་ང་ཚོས་མཐོང་ཚོར་ཐུབ་པའི་ཕྲ་རླབས་སྔ་ཤོས་དེ་དུས་སྐབས་དེར་བྱུང་བ་དང་། དེ་རྗེས་ལོ་ངོ་ས་ཡ་ལྔ་བརྒྱ་དྲུག་བརྒྱ་རྗེས་སུ་ཐོག་མའི་སྐར་མ་གྲུབ་པ། དེའི་རྗེས་དགུ་ཚིག་ཁག་གྲུབ་པ། དེ་རྗེས་ལོ་འཐེར་འབུམ་བརྒྱད་ཀྱི་རྗེས་ང་ཚོའི་ཉི་མའི་ཁྱིམ་རྒྱུད་གྲུབ་པ་སོགས་འགྲེལ་བརྗོད་ཞིབ་ཚགས་བྱེད་ཀྱི་ཡོད། དེ་བཞིན་སྐར་མའི་ཚེ་སྲོག་གི་གཏམ་རྒྱུད་ལས་བུ་ག་ནག་པོ་དང་། མི་མངོན་པའི་ནུས་པ། མི་མངོན་པའི་བེམ་གཟུགས་སོགས་ཀྱི་རྣམ་གཞག་དེ་དག་བྱུང་ཡོད་ཀྱང་ད་བར་དེ་ཙམ་ཤེས་ཐུབ་མེད། མདོར་ན་གས་ཐོར་ཆེན་མོའི་རྣམ་གཞག་འདིའི་ངོ་ཚར་གྱི་ཁྱད་ཆོས་ནི། རྡུལ་རྫས་རྣམས་ཀྱི་ཐོག་མའི་འབྱུང་ཁུངས་གསལ་པོ་འགྲེལ་བརྗོད་ཡོད་པ་ཙམ་མ་ཟད་། སྐར་མ་དང་གཟའ་རྣམས་ཀྱི་ཆགས་འཇིག་ཆ་ཚང་བ་བཤད་ཀྱིན་ཡོད་ལ། དེ་ལས་གལ་ཆེ་ཤོས་ནི་བེམ་གཟུགས་ཀུན་གྱི་རྨང་གཞི་རྩམ་ཚུལ་ཐད་གནའ་བོའི་སྒེ་རིག་དང་། རྒྱ་དཀར་ནག་ཀྱི་གཙོས་ཤར་ནུབ་ཀྱི་རིག་གཞུང་ཡོངས་ཀྱི་ལྟ་གྲུབ་ནང་མཐུན་སྣང་དུ་འདོད་པའི་བསམ་ཚུལ་ཏེ་བེམ་རྫས་རྣམས་ས་ཆུ་མེ་རླུང་གི་འབྱུང་བ་བཞི་རྩམས་ནས་གྲུབ་པར་འདོད་པ་ལས་བརྒལ་ནས། བེམ་གཟུགས་མཐའ་དག་གི་རྩོམ་གཞི་རྡུལ་ཕྲན་གཅིག་ཡིན་ཀྱང་། ལྟེ་རྡུལ་སྡེབ་སྦྱོར་གྱི་བྱུང་རིམ་མི་འདྲ་བ་གསུམ་རྒྱུད་ནས་རྩ་རྫས་མི་འདྲ་བ་བརྒྱ་སྐོར་གཅིག་ཡོད་པ་དེ་དག་ལས་གཟུགས་ཅན་གྱི་དངོས་པོ་ཀུན་གྲུབ་ཚུལ་དཔང་རྟགས་དང་བཅས་པའི་འགྲེལ་བརྗོད་ཧ་ཅང་གི་ངོ་མཚར་པོ་བྱེད་ཐུབ་པ་དེ་རེད་སྙམ།།
གཉིས་པ། དཔལ་དུས་ཀྱི་འཁོར་ལོའི་གཞུང་ནས་བྱུང་བའི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་མདོ་ཙམ།།
དེ་ཡང་ཕྱི་ནང་གཞན་གསུམ་ལས་ཕྱི་དུས་ཀྱི་འཁོར་ལོའི་རྣམ་གཞག་ནི་རྩ་རྒྱུད་ལེའུ་དང་པོ་སྟེ་འཇིག་རྟེན་ཁམས་ཀྱི་ལེའུ་ལས་བྱུང་བ་ཡིན། དེའི་ནང་དུ་རྟེན་དང་རྟེན་པའི་སྣོད་བཅུད་དང་། དེ་དག་གི་དུས་ངེས་བྱེད་ཤིན་ཏུ་ཕྲ་བའི་དབུགས་རྩི་ཚུལ་སོགས་དོན་ཚན་མང་པོ་གསུངས་ཡོད་ཀྱང་། སྐབས་འདིར་རྟེན་སྣོད་ཀྱི་འཇིག་རྟེན་ཆགས་རབས་སྤྱི་དང་། ཁྱད་པར་དུ་མཁའི་རྡུལ་དང་སྟོང་པའི་རྡུལ་གཉིས་ཀྱི་སྐོར་རོབ་ཙམ་གླེང་རྒྱུ་ཡིན། དེ་ལ་སྤྱིར་རྣམ་པར་ཤེས་པ་ལ་ཐོག་མ་མེད་པས་ནང་བཅུད་ཀྱི་སེམས་ཅན་ལ་ཐོག་མ་མེད། དེའི་ཕྱིར་ཕྱིའི་འཇིག་རྟེན་གྱི་ཁམས་སྤྱི་ལ་ཐོག་མ་ཞིག་གཏན་ནས་མེད་མོད། འོན་ཀྱང་རང་རེ་གནས་པའི་འཇིག་རྟེན་གྱི་ཁམས་འདི་ལྟ་བུ་ལ་གནས་སྐབས་བཞིར་དབྱེ་སྟེ། སྟོང་པ། ཆགས་པ། གནས་པ། འཇིག་པ་བཅས་སོ། དེ་དག་རེ་རེར་ཡང་དུས་ཡུན་ཧ་ཅང་གི་རིང་པོ་རྩི་རྒྱུ་ཡོད། དེ་ཡང་འཇིག་རྟེན་སྔ་མ་ཞིག་སྟོང་ནས་དུས་ཡུན་བསྐལ་པ་མང་པོའི་རིང་བར་སྣང་སྟོང་པ་འབའ་ཞིག་ལུས་ནས་གནས་ཅིང་ནམ་ཞིག་ལ་སེམས་ཅན་སྤྱི་མཐུན་གྱི་ལས་དུས་སུ་སྨིན་པ་ན་བར་སྣང་དུ་གནས་པའི་སྟོང་པའི་རྡུལ་གྱི་མིང་ཅན་འབྱུང་བ་ལྔའི་རྡུལ་ཕྲ་རབ་བསིལ་བུར་གནས་པ་རྣམས་ཕན་ཚུན་འདུས་ནས་འབྱར་མགོ་རྩམས་ཡོད་པ་དེ་ནི་གནམ་ས་གཉིས་ཀྱི་ཁོངས་སུ་གཏོགས་པའི་ད་ཡོད་ཀྱི་འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་ཅན་ཐ་དག་གི་འབྱུང་ཁུངས་སམ་མགོ་ཚུགས་ས་དེ་ཡིན། དེ་ཡང་རྩམས་ཚུལ་ནི་ཐོག་མར་ནམ་མཁའི་རྡུལ་གྱིས་གཞི་རྟེན་བྱས་ནས་སྟོང་པའི་རྡུལ་གྱི་མིང་ཅན་གྱི་རླུང་རྡུལ་བསིལ་བུར་གནས་པ་རྣམས་འདུས་ཏེ་གོང་བུ་ཆགས། དེ་རྗེས་དེ་དང་མཉམ་དུ་མེ་རྡུལ་བསིལ་བུར་གནས་པ་རྣམས་མཉམ་འདུས་གྱི་གོང་བུ་ཆགས། དེ་རྗེས་དེ་དག་རིམ་བཞིན་ཆུ་རྡུལ་བསིལ་བུར་གནས་པ་དང་མཉམ་དུ་འདུས་པ་དང་། དེ་རྗེས་ས་རྡུལ་བསིལ་བུར་གནས་པ་རྣམས་དང་མཉམ་དུ་རིམ་གྱིས་འདུས་པ་ལས་ཤིན་ཏུ་དྭངས་པའི་ས་ནམ་མཁའི་འཇའ་ཚོན་ལྟ་བུ་ངོ་བོ་ཕྲ་ཞིང་སྲ་གཟུགས་ཀྱི་རྣམ་པ་མེད་པ་ལྟ་བུ་གཟུགས་ཤིག་གྲུབ་པ་དེ་ནི་རི་གླིང་དང་བཅས་པའི་རྩོམ་གཞིར་གྱུར་པ་དངོས་དེ་ཉིད་ཡིན་ཅིང་། དེ་ལ་ཐོག་མའི་ས་ཞེས་བརྗོད་པ་དང་དེ་ཉིད་རགས་སུ་སོང་བ་ལས་སྲ་གཟུགས་ཀྱི་རི་གླིང་རྣམས་གྲུབ་པར་གསུངས་སོ། བློ་ཕམ་པ་ཞིག་ལ་དེ་དག་ཇི་ལྟར་འབྱར་ཚུལ་དང་རྩོམ་ཚུལ་རྒྱས་པ་གཞུང་ལུགས་ནང་གསལ་པོར་གསུངས་མེད། ཅུང་ཟད་ཅིག་ཡོད་པ་ནི། བསྡུས་རྒྱུད་ལས། ཡང་དག་པར་འཛིན་པ་དང་སྲུབ་པ་དང་། དབྱིབས་ཀྱི་རླུང་གི་མཐུ་ལས། ཞེས་དང་། སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ། ཆུ་ལ་ལན་ཚྭ་དང་སྒོང་ངའི་དབུས་སུ་སྒོང་སྐྱེས་བཞིན་ཞེས་སོགས་ཀྱི་དོན་འགྲེལ་པ་ན་འདིའི་སྐབས་མཁས་གྲུབ་ཊིཀ་ཆེན་ལས།1 ཚུལ་ཇི་ལྟར་འགྱུར་ཞེ་ན། ཆུ་ལ་སོགས་པའི་རྣམས་ཡང་དག་པར་འཛིན་པར་བྱེད་པའི་རླུང་དང་བཟུང་བ་དེ་དག་ལན་ཚྭ་བཞིན་དུ་སྲ་ཞིང་འབྱར་བར་བྱེད་པའི་སྲུབ་པའི་རླུང་དང་། སྲ་བར་གྱུར་ནས་འཇིག་རྟེན་མཐའ་དག་རྣམ་པར་འགོད་པའི་དབྱིབས་ཀྱི་རླུང་གི་མཐུ་ལས་གླིང་དང་རི་བོ་ལ་སོགས་པ་རྣམས་འགྲུབ་སྟེ་ཞེས་དང་། དེ་དག་གི་དཔེར་ཡང་ཉི་མའི་འོད་ཀྱིས་ལན་ཚྭ་དེ་དག་ལན་ཚྭ་སྲ་བ་དག་འགྲུབ་པར་བྱེད་པ་དང་། ཁུ་ཁྲག་འདུས་པ་སྨིན་པ་ལས་མགོ་མིག་ལ་སོགས་པའི་དབང་པོ་གྲུབ་ཡོང་བ་ལྟར་རླུང་གི་སྲུབ་པ་ལས་རི་རབ་སོགས་སོགས་སྲ་ཁྲེག་དང་སྨིན་པ་མེའི་རང་བཞིན་རྣམས་འབྱུང་བར་གསུངས་པ་སོགས་ནི་མངོན་པ་དང་བསྡུར་ན་འགྲེལ་བཤད་ཅུང་ཞིབ་ཚགས་སུ་སྣང་མོད་ཀྱང་དེང་རབས་ཚན་རིག་དང་བསྡུར་ན་ཧ་ཅང་གི་མདོར་བསྡུས་སུ་སྣང་ངོ། དེ་ལྟར་ཐོག་མའི་ས་ལ་སོགས་པའི་འབྱུང་བ་བཞི་པོ་རིམ་གྱིས་འཕེལ་བ་ལས་འོག་གཞིའི་རླུང་གི་དཀྱིལ་འཁོར་ཟླུམ་པོ་དང་། དེ་ནས་མེ། ཆུ། སའི་དཀྱིལ་འཁོར་ཟླུམ་པོའི་དབྱིབས་ཅན་རྣམས་དང་། དེ་རྗེས་རི་རབ་ཟླུམ་པོ་རྩ་བ་ཕྲ་ལ་རྩེ་མོ་སྦོམ་པ་དང་། དེའི་མཐའ་སྐོར་དུ་རི་བདུན། མཚོ་བདུན།གླིང་བདུན་རྣམས་གྲུབ།ས་གོ་ལའི་སྟེང་གི་བར་སྣང་ལ་སྐར་ཁྱིམ་གྱི་གོ་ལ་གྲུབ་ཅིང་། དེ་ཉིད་གདུགས་ཕུབ་པ་ལྟར་དབུས་མཐོ་ལ་མཐའ་དམའ་བ་བཞིན་ཆགས་པའི་སྟེང་དུ་རྒྱུ་སྐར་ཉེར་བརྒྱད་དང་། རེས་གཟའ་བཅུ། ཁྱིམ་བཅུ་གཉིས་སོགས་ཆགས་པའི་ཚུལ་ནི་དཔེ་རིས་སོགས་ལས་ཤེས་པར་བྱའོ། འདིར་མངོན་པ་ལས་གསུངས་པ་དང་མི་འདྲ་བའི་དཔེ་མཚོན་ཆེ་ཤོས་འགའ་ནི། མངོན་པ་གོང་འོག་ལས་བར་སྣང་སྟོང་སང་དུ་ཡུན་རིང་གནས་པ་ལ་འཇིག་རྟེན་ཆགས་པའི་སྔ་ལྟས་སུ་ལས་ཀྱི་རླུང་འཇམ་པོ་ཡུན་རིང་དུ་ལྡང་བ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་སོགས་ཆགས་པ་སོགས་གསུངས་མོད་ཀྱང་། རང་བཞིན་སྟོང་པའི་རྡུལ་དང་། གཞི་རྟེན་ནམ་མཁའི་རྡུལ། ཇི་ལྟར་རྩོམ་ཚུལ་ཅུང་ཞིབ་ཚགས་པོ་སོགས་ནི་མངོན་པ་ལས་མ་གསུངས་སོ ཡང་མངོན་པར་རི་རབ་ཀྱི་དབྱིབས་གྲུ་བཞིར་གསུངས་ཀྱང་འདིར་རི་རབ་ཀྱི་དབྱིབས་ཟླུམ་པོ་དང་། དེ་བཞིན་དུ་མངོན་པ་ནས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་བརྔམས་ཁོ་ནར་དཔག་ཚད་ས་ཡ་དང་དྲུག་འབུམ་སོགས་དང་། རི་རབ་ཀྱི་ཕྱེད་ཏེ་དཔག་ཚད་བརྒྱད་ཁྲི་ཆུ་ནང་དུ་ནུབ་པ་དང་། བརྒྱད་ཁྲི་སྟེང་དུ་ཡོད་པ་སོགས་བཤད་ཀྱང་། སྐབས་འདིར་རི་རབ་ཁྱོན་ལ་དཔག་ཚད་འབུམ་ཕྲག་གཅིག་ཙམ་དང་སྲིད་པ་སོ་གསུམ་གྱི་གནས་དང་བཅས་པ་ཆ་ཚང་བའི་འཇིག་རྟེན་གྱི་ཁམས་ཧྲིལ་པོར་དཔག་ཚད་འབུམ་ཕྲག་བཞི་ཙམ་ལས་མེད་པར་གསུངས་ལ། དེའི་རྒྱུ་མཚན་ནི་ནང་གི་སྐྱེས་བུ་ལུས་དང་ཆོས་མཐུན་སྦྱར་ཚུལ་ལས་ཡིན་པ་གཞུང་ལས་གསུངས་སོ། དེ་བཞིན་དུ་གཟུགས་ཅན་རྩོམ་ཚུལ་ཡང་མངོན་པ་ལས་། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད་ཞེས་པས་སྐབས། འདོད་པ་ན་གཟུགས་ཅན་རྩོམ་ཕྱིན་ཆད་རྡུལ་རྫས་བརྒྱད་མཉམ་དུ་འདུས་དགོས་པར་གསུངས་པ་དང་ཅུང་ཟད་མི་འདྲ་བར་སྣང་སྟེ་གོང་གསལ་གྱི་འབྱུང་བ་རྣམས་མ་འདུས་པའི་གནས་སྐབས་སུ་ནམ་མཁའི་རྡུལ་ཡོན་ཏན་གཅིག་ལྡན་དང་། རླུང་རྡུལ་གཉིས་ལྡན། མེ་རྡུལ་གསུམ་ལྡན། ཆུ་རྡུལ་བཞི་ལྡན། ས་རྡུལ་ལྔ་ལྡན་དུ་གསུང་ཤིང་ཐོག་མར་རླུང་རྡུལ་འདུས་སྐབས་ཡོན་ཏན་བརྒྱད་ལྡན་དུ་མི་དགོས་པའམ། ཡང་ན་མངོན་པ་གོང་མ་ལྟར་ས་དང་དེའི་ཁམས་ལ་ཁྱད་འབྱེད་པ་ཨེ་ཡིན་ནམ་སྙམ་སྟེ་དཔྱད་གཞིར་སྣང་ངོ་། དེ་ལྟར་མངོན་པ་ལས་གསུངས་པ་དང་མི་མཐུན་པ་སོགས་རྒྱུ་མཚན་དུ་བྱས་ནས་དུས་འཁོར་ཚད་ལྡན་མིན་པར་བཅོམ་ལྡན་རིག་རལ་སོགས་ཀྱི་གསུངས་ལ་ཨ་བྷ་ཡ་དང་བུ་སྟོན་སོགས་ཀྱིས་འདི་རྒྱུད་མཆོག་ཡིན་ཡང་འཇིག་རྟེན་ཁམས་ཀྱི་ལེའུ་དྲང་དོན་དོན་དུ་འགྲེལ་ལོ།2 དེ་ལྟ་བུ་ལ་སོགས་པའི་ཁྱད་པར་ཧ་ཅང་མང་མོད་ཡིག་ཚོགས་ལ་འཇིགས་ནས་དེ་ཙམ་ལས་འབྲི་མ་ནུས་སོ། མདོར་ན་ཇི་ལྟར་བྱས་ནས་གཏན་ལ་ཕབས་པ་ཡིན་མིན་མི་ཤེས་ཀྱང་མངོན་པ་དང་དུས་འཁོར་གཉིས་ཀར་ངོ་མཚར་བའི་ཁྱད་ཆོས་ཅིག་ནི་སྒྲོམ་གཞི་ཆ་ཚང་བ་དང་ཚད་ཀྱི་ཐོག་ཁ་གསལ་དང་ཞིབ་ཕྲ་དེ་འདྲ་ལོ་ངོ་ཉིས་སྟོང་གོང་ནས་གསུངས་ཟིན་པ་དེ་ནི་ཤིན་ཏུ་ནས་ངོ་མཚར་སྐྱེ་འོས་པ་ཡིན་ནོ།།
ཁྱད་པར་དུ་ནམ་མཁའི་རྡུལ་དང་སྟོང་པའི་རྡུལ་གྱི་སྐོར་མདོར་ཙམ།འོ་ན་ནམ་མཁའི་རྡུལ་ཞེས་པ་དེ་གང་ཞིག་ཡིན་ནམ། སྟོང་པའི་རྡུལ་ཞེས་པ་གང་ཞིག་ཡིན་ནམ་ཞེ་ན། དེ་ཡང་ནམ་མཁའི་རྡུལ་ལ་བཞེད་པ་གཙོ་ཆེ་བ་གཉིས་ལས། དང་པོ། མཁས་གྲུབ་རིན་པོ་ཆེ་སོགས་ཀྱིས་སྐབས་འདིའི་ནམ་མཁའི་རྡུལ་ཞེས་པའི་སྐབས་ཀྱི་ནམ་མཁའ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔའི་ནང་ཚན་མངོན་པར་སྐབས་ཡོད་ཀྱི་གཟུགས་ཏེ་དེ་ཡང་ཐོག་པའི་རེག་བྱ་དང་བྲལ་ཞིང་ཡིད་ཤེས་ཁོ་ནའི་ཡུལ་དུ་གྱུར་པའི་སྐྱ་སེང་ངེ་བ་དེ་ཡིན་པ་དང་། དེ་འདྲའི་མངོན་པར་སྐབས་ཡོད་ཀྱི་གཟུགས་དེ་ཉིད་བློས་ཇི་ཙམ་དབྱེ་བར་ནུས་ཀྱི་བར་རྣམ་པར་ཕྱེ་བའི་ཆུང་མཐའ་དེ་ལ་ནམ་མཁའི་རྡུལ་ཕྲ་རབ་ཟེར་བ་ཡིན་ཞེས་གསུངས།3 དེ་དག་གིས་བཞེད་ཚུལ་ལྟར་ན་ནམ་མཁའི་རྡུལ་ནི་ནུས་པ་ཙམ་མིན་པར་གཟུགས་མཚན་ཉིད་པའི་ངོ་བོར་ཡོད་པའི་ཆ་ཤས་ཕྲ་མོ་ཞིག་ལ་འདོད་དགོས་པ་ལྟར་སྣང་ངོ། མཁས་པ་གཞན་གྱིས་ནམ་མཁའི་རྡུལ་ཞེས་པ་ནི་གཟུགས་ཅན་རྣམས་ཇེ་ཕྲ་རུ་སོང་ནས་མཐར་ནུས་པའི་ངོ་བོར་སོང་ཞིིང་སླར་ཡང་གཟུགས་ཅན་གྱི་ངོ་བོར་འགྱུར་རུང་གི་ནུས་པ་ལྟ་བུ་ཞིག་ལ་ནམ་མཁའི་རྡུལ་ཞེས་ཐ་སྙད་བཏགས་པར་འདོད།4 འདི་པ་ལྟར་ན་རྡུལ་ཞེས་པའི་ཐ་སྙད་བཏགས་པ་ཙམ་མ་གཏོགས་དོན་དངོས་ཐོག་ནུས་པའི་ཆ་ཤས་ཕྲ་མོ་ཞིག་ལ་འདོད་དགོས་པ་ལྟར་སྣང་ལ། དེ་ནི་སྟག་ཚང་ལོ་ཙ་བས་ནམ་མཁའ་དང་སྟོང་པའི་རྡུལ་འདི་གཉིས་ཀྱི་མངོན་པ་ནས་བཤད་པའི་རྡུལ་ཕྲན་གྱི་གོ་མི་ཆོད་པ་དང་། རྡུལ་ཕྲན་ཞེས་པའི་མིང་ལ་འཁྲུལ་ནས་ནམ་མཁའི་ཁམས་དང་བེམ་པོའི་གཞི་མཐུན་ཁས་བླང་བར་མི་བྱ་བ་སོགས་གསུངས་པ་5དང་མཐུན་ལ། རིིགས་པའི་སྒྲུབ་བྱེད་ཀྱང་དུས་འཁོར་གྱི་གཞུང་རང་ལས་ནམ་མཁའི་རྡུལ་དེས་རྡུལ་གཞན་ཀུན་ལ་ཁྱབ་པ་དང་། དེ་ལ་གོ་ས་མེད་པ་སོགས་བཤད་ཡོད་པ་དང་། སྤྱིར་བཏང་ལ་མིག་དབང་གཟུགས་ཅན་པ་ནུས་པའི་ངོ་བོར་འགྲོ་རུང་བར་རྣམ་འགྲེལ་6ལས་གསུངས་པ་དང་། མངོན་པ་གོང་མ་7ལས་འབྱུང་བཞི་པོ་དེ་དག་ཀྱང་སྐབས་རེ་ནུས་པ་ཙམ་དུ་གནས་པར་གསུངས་པ་དང་། ཡང་སྐབས་རེ་འབྱུང་བཞི་རྡུལ་ཕྲན་ཡང་འབྱུང་འགྱུར་དུ་གསུངས་པས་དེ་དག་གི་རྒྱུར་གྱུར་པའི་གཞི་གཅིག་ཁས་ལེན་དགོས་པ་སོགས་ལས་སྒྲུབ་པ་དེ་ཚོ་ནི། དེང་རབས་ཚན་རིག་པའི་བཤད་པ་དང་ཧ་ཅང་གི་མཐུན་པའི་ཚུལ་གཤམ་དུ་གླེང་རྒྱུ་ཡིན། འོ་ན་ནམ་མཁའི་རྡུལ་ཞེས་པ་ནུས་པའི་ཆ་ཤས་ཕྲ་མོར་འདོད་ན་རྡུལ་ཞེས་པའི་ཐ་སྙད་དེ་འོས་མཚམས་མིན་ཏེ། རྒྱུན་གཏན་གྱི་གོ་བ་བྱས་ན་རྡུལ་ཟེར་བ་ནི་རང་བཞིན་གྱི་གོ་ས་ངེས་ཅན་ཞིག་ཡོད་པ་དང་། ས་རྡོ་ལྟར་རྫས་ཀྱི་ཁྱད་ཆོས་ཡོད་པ་ལྟ་བུ་ལ་གོ་བ་ལེན་དགོས་པ་གང་ཞིག་ལ། ནུས་པའི་གནས་སྐབས་ལ་རྡུལ་རྫས་ཀྱི་ཁྱད་ཆོས་སོགས་གང་ཡང་མི་མངོན་པས་སོ་སྙམ་ན་སྐྱོན་མེད་དེ། མདོ་ལས་8སྲོག་དང་གང་ཟག་གི་རྡུལ་དང་། འདོད་ཆགས་ཀྱི་རྡུལ་སོགས་ཀྱི་ཐ་སྙད་ཀྱང་གསུང་ཡོད་པ་དང་། སྟག་ཚང་བས་9བློས་ཕྱེ་ནས་ཀུན་ལ་དེ་ལྟར་ཕྱེ་རུང་བ་དང་། དོན་ལ་ཆ་མེད་ནི་དངོས་སྨྲ་བའི་རྡུལ་ལྟར་ཡང་མེད་པས་སོ་ཞེས་གསུངས་སོ། དེ་བཞིན་དེང་རབས་ཚན་རིག་གི་ནང་དུའང་རྡུལ་འཇོག་སྐབས་སྲོལ་རྒྱུན་དངོས་ཁམས་ཀྱི་ལྟ་ཚུལ་དང་མི་འདྲ་བར་གོ་ས་དང་། གདོས་ཚད་སོགས་མེད་ཅིང་རླབས་ཀྱི་རྣམ་པ་ཙམ་ལ་རྡུལ་ཟེར་བའང་ཡོད་པས་ཞིབ་མོར་དཔྱད་ཏེ་དངོས་པོའི་གནས་ལུགས་རང་ལ་སླེབས་སྐབས་དེ་འདྲ་མི་འབོད་ཀ་མེད་ཡིན་ནམ་སྙམ། ཡང་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་ཌིཀ་ལས།10 མཆོག་མི་འགྱུར་གྱི་མདོར་བསྡུས་ལས།གཟུགས་མེད་པའི་རིས་རྣམས་ཀྱི་ལུས་ནི་སྟོང་པའི་ཁམས་ཀྱི་བདག་ཉིད་ཅན་གྱི་སེམས་ཀྱི་བག་ཆགས་ཙམ་སྟེ་སྒྲའི་ཡོན་ཏན་གྱི་བདག་ཉིད་དོ། ཞེས་གཟུགས་མེད་པའི་ལུས་སྒྲའི་ཡོན་ཏན་གཅིག་པ་ཅན་གྱི་ནམ་མཁའི་བདག་ཉིད་དུ་གསུངས་ནས་ཞེས་དང་། སྟག་ལོའི་སྤྱི་དོན་ལས།11 ནམ་མཁའི་སྟོང་རྒྱུད་འདི་ལ་བསྡུས་པ། འདིའི་དངོས་ཀྱི་རྒྱུ་ནི་གཟུགས་ཅན་གཞན་གྱི་གོ་འབྱེད་པའི་ནམ་མཁའ་ལ་གཞག་པ་གཅིག་དང་། སྒྲའི་ཡོན་ཏན་གཅིག་པུ་དང་ལྡན་པའི་ནམ་མཁའ་གཟུགས་མེད་ཁམས་པའི་རྒྱུར་འགྲོ་བ་གཅིག་ཀྱང་དངོས་སུ་མ་བཤད་ཀྱང་རིགས་པས་གྲུབ་ཅིང་ཞེས་སོགས་ཀྱིས་དེས་གཟུགས་མེད་ཀྱི་ལུས་ཀྱི་རྒྱུ་བྱེད་པར་ཡང་གསུངས་སོ།། སྤྱིར་ནམ་མཁའི་གོ་དོན་ལ། འཇུ མི་ཕམ་པའི་དུས་འགྲེལ་ལས་12སྤྱིར་ནམ་མཁའི་གོ་བ་རིགས་མི་འདྲ་བཞི་ཙམ་ཡོད་པར་གསུངས་ཀྱང་རང་གི་བསམ་ན། སྤྱིར་ནང་པའི་གཞུང་ནང་ནམ་མཁའི་གོ་བ་མི་འདྲ་བ་རིགས་གསུམ་ཡོད་པར་སྣང་སྟེ། དང་པོ། བར་གྱི་སྣང་བ་སྟེ་མངོན་པར་སྐབས་ཡོད་ཀྱི་གཟུགས་ཞེས་པ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སུ་འདོད་པ། གཉིས་པ། བུ་ཁ་ནམ་མཁའི་ཁམས་ཞེས་པ་ཉིན་མོ་སྣང་བའི་ཆ་དང་མཚན་མོ་མུན་པའི་ཆ་ཡིན་པའི་འདུས་བྱས་སུ་འདོད་པ། གསུམ་པ་ནི། ཐོག་རེག་བཀག་ཙམ་ཀྱི་མེད་དགག་ཞིག་ལས་དེ་ལ་རྩོམ་བྱེད་ཀྱི་རྡུལ་སོགས་གང་ཡང་མེད་པའི་རྟག་པར་འདོད་པ་རྣམས་སོ། གང་ལྟར་ཡང་སྐབས་འདིར་དུས་འཁོར་གྱི་གཞུང་ནང་དུ་ནམ་མཁའི་ཁམས་ནི་ནམ་མཁའི་རྡུལ་ལས་གྲུབ་པ་དང་དེ་འདྲ་བའི་ནམ་མཁའི་ཁམས་དེས་གཟུགས་ཅན་གྱི་གོང་བུ་ཀུན་འགྲུབ་པའི་གོ་འབྱེད་པ་དང་རྟེན་གཞི་བྱེད་པ་ཡིན། དེས་འབྱུང་བ་གཞན་བཞི་པོའི་འབྱུང་འཇིག་ཀྱི་གཞི་བྱེད་ཚུལ་ནི། དེ་ལས་འབྱུང་བ་བཞི་པོ་དག་བསྐྱེད་ཅིང་སླར་ཡང་དེ་ཉིད་དུ་ཐིམ་པར་འགྱུར་བ་ཡིན། བསྐྱེད་རིམ་ནི་ནམ་མཁའ་ལས་རླུང་དང་། མེ། ཆུ། དེ་ལས་ས་ཁམས་བསྐྱེད་པ་ཡིན། ཐིམ་རིམ་ནི་སྐྱེད་རིམ་དེ་ལས་གོ་ལྡོག་སྟེ་ས་ནས་ཆུ་སོགས་དང་མཐར་ནམ་མཁའི་ཁམས་ཀྱི་རང་བཞིན་དུ་ཐིམ་འགྲོ་བ་ཡིན། རིམ་པ་དེ་ཕྱིའི་འབྱུང་བའི་རིམ་པ་དེ་དང་མཐུན་པར་ནང་དུ་ཡང་རང་རེ་མི་རྣམས་འཆི་འགྲོ་བའི་གནས་སྐབས་སུ་ནང་གི་འབྱུང་བ་བཞི་པོའི་འབྱུང་འཇིག་ཀྱི་རིམ་པ་དང་ཐིམ་རིམ་གྱི་རིམ་པ་དེ་ལྟར་ཡོང་བ་ཡིན། དེའི་ཕྱིར་དཔལ་
དུས་ཀྱི་འཁོར་ལོས་མཚོན་པའི་ནང་པའི་གསང་སྔགས་ཀྱི་གཞུང་རྣམས་ལས་ཕྱིའི་འགྲེལ་བཤད་བྱེད་དོན་ཡང་། གཙོ་བོ་ནང་གི་ཉམས་ལེན་དང་མཐུན་ཆེད་རང་ཡིན་སྟབས་སྒྲ་ཇི་བཞིན་པ་མ་ཡིན་པའི་སྐབས་དུ་མ་ཞིག་ཡོང་བ་ནི། རིགས་པས་གསལ་པོར་དཔོག་ཐུབ།།
གཉིས་པ། ཕྲ་བ་སྟོང་པའི་རྡུལ་ཞེས་པ་ནི། འཇིག་རྟེན་སྔ་མ་ཞིག་སྟོང་ནས་བར་སྣང་སྟོང་པ་ཁོ་ནར་གནས་སྐབས་སུ་གང་ཟག་ཐ་མལ་པའི་མིག་ལ་སོགས་པའི་དབང་པོ་སྤྱོད་ཡུལ་མ་ཡིན་ཞིང། རྡུལ་ཕྲན་གཞན་དང་ཕན་ཚུན་འདབས་འབྱར་དུ་ཚོགས་ཏེ་བསགས་རྡུལ་ཁྱད་པར་ཅན་དུ་མ་གྱུར་བར། རྡུལ་ཕྲ་རབ་སིལ་བུའི་རྣམ་པར་གནས་པ་དེ་དག་ལ་སྟོང་པའི་རྡུལ་ཞེས་བྱ་བ་ནི། རྒྱུད་རྩ་འགྲེལ་ལས་། དེའི་ཕྱི་རོལ་དུ་སྟོང་པ་གཅིག་པུ་སྲིད་པ་གསུམ་བྲལ་ཡོད་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ། ཞེས་སོགས་དགོངས་པར་མཁས་གྲུབ་ནོར་བཟང་རྒྱ་ཚོ་སོགས་ཀྱི་འཆད་དོ།13 དེ་ལྟར་དངོས་སུ་མ་བསགས་པའི་སྐབས་ཀྱི་ཆུ་དང་། མེ་དང་། རླུང་དང་།ནམ་མཁའི་རྡུལ་ལྔ་ལ་རེག་ཐོག་ཀྱི་སྟོང་པའི་དབང་དུ་བྱས་ནས་སྟོང་པའི་རྡུལ་ཟེར་བ་ཡིན་ནམ་སྙམ། འོན་ཀྱང་མཁས་གྲུབ་རྗེ་ལ་སོགས་པའི་མཁས་པ་མང་པོས་ཡེ་ཤེས་ཀྱི་སྟོང་པའི་རྡུལ་ཞེས་པ་ནི། འགྲེལ་ཚུལ་མང་ཡང་མདོར་ན་ཡེ་ཤེས་ཀྱི་གཞལ་བྱར་གྱུར་པའི་ཡུལ་སྟོང་པ་ཉིད་ལ་རྡུལ་གྱི་མིང་བཏགས་པ་ཙམ་ཡིན་གྱི་རྡུལ་དངོས་མིན་པར་གསུངསོ།14 མིང་དེ་འདྲ་འདོགས་དགོས་པའི་རྒྱུ་མཚན་ནི་འབྱུང་བ་བཞིས་མཚོན་པའི་ཤེས་བྱ་མཐའ་དག་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་ཏེ་ནང་པའི་ལྟ་གྲུབ་ཀྱི་སྙིང་པོ་སྟོང་པ་ཉིད་ཀྱི་རྣམ་གཞག་དྲན་དགོས་པ་དང་། ཤེས་པའི་ཆེད་ཡིན་པར་གསུངས་ཡོད། དེ་ཡང་འབྱུང་བ་བཞི་སོགས་རང་བཞིན་གྱིས་གྲུབ་ན་འཕེལ་གྲིབ་དང་ཐིམ་རིམ་གྱི་རྣམ་གཞག་སོགས་གང་ཡང་མི་འཐད་པར་འགྱུར་བ་དང་། རྡུལ་ཕྲན་ལས་གྲུབ་ཀྱང་དངོས་སྨྲ་བ་ལྟར་རྡུལ་ཆ་མེད་རང་བཞིན་གྱི་གྲུབ་པ་དེ་འདྲ་རྩམས་ནས་མ་གྲུབ་ཅེས་ཀྱང་སྟོན་པའི་ཆེད་ཡིན་ནོ།། ལུགས་གཉིས་བར་ལ་མཚུངས་བསྡུར་ཅུང་ཟད། གོང་གསལ་གྱི་གཞུང་ལུགས་ཆེན་པོ་དེ་གཉིས་ཀ་ལ་རང་རང་གི་སྒྲོམ་གཞི་ཚང་བ་རེ་དང་ནང་དོན་གཏིང་ཟབ་ཡོད་པས་ཕྱོགས་ཙམ་མཐོང་ནས་དོན་དེ་དང་འདི་མཐུན་དང་། འདི་མི་མཐུན་གྱི་ཁ་ཚོན་གཅོད་སྔ་གཏན་ནས་མི་རིགས་མོད། དཔེ་མཚོན་ཙམ་དུ་གང་ཞིག་མཐུན་པའི་ཕྱོགས་སུ་ཡོད་དང་། གང་ཞིག་ཐད་མི་མཐུན་པ་ཡོད་མེད་ཐད་རང་གི་བསམ་ཚུལ་ཅུང་ཟད་བཤད་ན། མཐུན་མི་མཐུན་གྱི་ཕྱོགས་གང་མང་ཡོད་སྲིད་ཀྱང་འདིར་ཐོག་མའི་རྒྱུ། རྡུལ་གྱི་རང་བཞིན། རྩོམ་ཚུལ། བྱ་བ་བྱེད་ཚུལ་བཞིའི་ཐད་ནས་དཔེ་མཚོན་རེ་འགོད་རྒྱུ་ཡིན། དང་པོ། ཆོས་ཚན་གཉིས་ཀས་འཇིག་རྟེན་གྱི་ཁམས་དང་རྡུལ་ཕྲ་མོ་སོགས་རྟག་པའི་རང་བཞིན་མིན་པར་རྒྱུ་ལས་བྱུང་བ་དང་། དེ་ཡང་བཀོད་པ་པོས་གློ་བུར་དུ་བཟོས་ནས་ཆགས་འཇིག་སོགས་བྱུང་བ་མིན་པར་རང་བྱུང་གི་ཆོས་ཉིད་ཀྱི་རྒྱུ་ལས་འཕེལ་གྲིབ་བྱེད་པར་འདོད་པ་མཐུན་པ་ཡིན། དེ་ལ་བཀོད་པ་པོ་མི་འདོད་པའི་ལྟ་གྲུབ་འདིས་གནད་དོན་གཉིས་གསལ་བཤད་བྱེད་ཀྱི་ཡོད། མིའི་རིགས་ཀྱི་རིག་གཞུང་དང་དཔལ་ཡོན་དར་བ་ནས་བཟུང་ད་བར་སྤྱི་ཚོགས་ཕལ་ཆེ་བ་ཆོས་ལུགས་གང་རུང་ལ་དད་མོས་ཀྱི་འཚོ་ཡི་ཡོད་ཅིང་། དེ་ལྟ་བུ་ཆོས་ལུགས་ཀྱི་ནང་ན་བཀོད་པ་པོ་མི་འདོད་པའི་ལྟ་གྲུབ་ནི་ནང་པ་ལས་གཞན་གཅེར་བུ་བ་དང་། གྲངས་ཅན་ལྷར་མེད་པ་ལྟ་བུ་ཧ་ཅང་གི་གྲངས་ཉུང་ཅན་གྱི་ཆོས་ལུགས་རེ་ཟུང་ལས་མེད་པས་ཆོས་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་མཚོན་གྱི་ཡོད། དེའི་རྒྱབ་ལྗོངས་ནི་དངོས་པོའི་བྱུང་རིམ་རྣམས་བཀོད་པ་པོས་གློ་བུར་དུ་བཟོས་པ་མིན་པར་ཉེར་ལེན་རང་བྱུང་ཁམས་ཀྱི་འབྱུང་བ་དང་འབྱུང་འགྱུར་ལ་བརྟེན་ནས་བྱུང་བ་དང་། དེའི་ཚུལ་ཇི་ལྟར་ཡིན་མིན་དཔྱོད་པའི་རིག་གཞུང་ཕྱུག་པོ་ཡོད་པ་དེ་ཡིན། བེམ་གཟུགས་རྣམས་ཉེར་ལེན་རྡུལ་རྩམ་པ་ལས་དང་དེ་ཡང་རང་བྱུང་གི་དངོས་པོའི་གཤིས་ལུགས་ཀྱི་ཐོག་ནས་བྱུང་བའི་གཞི་རྩའི་བསམ་ཚུལ་དང་། དེ་བཞིན་རྒྱ་ཆེ་བའི་བར་སྣང་། གྲངས་མང་བའི་རྒྱུ་སྐར། དེ་དག་མཁའ་དབྱིངས་སུ་ལྡིང་བ་སོགས་ཀྱི་ལྟ་ཚུལ་ནི་ཚན་རིག་དང་མཐུན་པ་མ་ཟད། ཐ་ན་ཐོག་མ་མེད་པའི་འཇིག་རྟེན་དང་། གྲངས་མེད་པའི་འཇིག་རྟེན་ཁམས་འདོད་ཚུལ་སོགས་ཀྱང་ཚན་རིག་དང་འགལ་བ་གང་ཡང་མེད། འོན་ཀྱང་རྒྱུའི་ཐོག་མི་འདྲ་ས་ཆེ་ཤོས་གཅིག་ནི། ཚན་རིག་ནང་གས་ཐོར་ཆེན་མོ་བྱུང་བའི་ཐོག་མའི་རྒྱུ་རྐྱེན་ཐོག་ད་ལྟའི་ཆར་གཏན་ཁེལ་བ་གང་ཡང་བཤད་ཐུབ་ཀྱི་མེད་ཀྱང་ནང་ཆོས་ནང་ལྷན་ཅིག་བྱེད་རྐྱེན་སེམས་ཅན་སྤྱི་མཐུན་ཀྱི་ལས་ཀྱི་བདག་རྐྱེན་བྱས་ནས་བྱུང་བའི་རྣམ་གཞག་དེ་ཐུན་མོང་མིན་པ་ཡིན། བདག་རྐྱེན་ཇི་ལྟར་བྱེད་མིན་ཐད་དཔྱད་རྒྱུ་ཆེན་པོ་ཡོད། གང་ལྟར་འདིའི་སྐོར་འགྲེལ་བཤད་ལེགས་པོ་མ་བྱུང་ཚེ་བཀོད་པ་པོ་དང་མཚུངས་པར་འགྱུར་གྱི་ཡོད་། གང་ལྟར་དེའི་སྐོར་རྒྱས་པ་༧གོང་ས་མཆོག་གི་གསུང་རྡུལ་སྙེད་འཇིག་རྟེན་གྱི་ཚན་པ་ལྔ་པ་སྟེ་འཕེལ་འགྱུར་རིག་པ་དང་། ལས་ཀྱི་རྣམ་གཞག་ཅེས་པའི་ནང་རྒྱས་པར་གསུངས་ཡོད། བདག་རྐྱེན་གྱི་བཤད་པ་འདིས་མཚོན་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་གྱི་འབྲེལ་ལམ་གཉིས་ཁ་བྲལ་ཐབས་མེད་པའི་སྐོར་ནི་ནང་ཆོས་སྤྱི་དང་། ལྷག་པར་དུས་ཀྱི་འཁོར་ལོའི་སྐབས་འདིར་ཕྱི་ནང་གཞན་གསུམ་དང་། ཟུང་འབྲེལ་གྱི་རྣམ་གཞག་ནི་དངོས་ཡོད་ཀྱི་རྣམ་གཞག་ཙམ་མ་ཟད་། རྣལ་འབྱོར་བའི་ཉམས་ལེན་ཐོག་གལ་ཆེར་གསུངས་ཡོད་པ་ལྟར་རེད། དཔེར་ན་ཕྱིའི་ཉི་ཟླ་གཟའ་འཛིན་སོགས་ཀྱི་སྐབས་ནང་རྣལ་འབྱོར་པའི་དབུགས་ཀྱི་རྒྱུ་བ་ལ་འགྱུར་བ་ཡོང་གི་ཡོད་པ་གསུངས་པ་དང་། དེ་བཞིན་ཚན་རིག་ནང་ཟླ་བ་ཉ་གང་གི་སྐབས་སུ་མི་རྣམས་ཀྱི་གཉིད་ཀྱི་སྟུག་ཚད་དང་། དུས་ཡུན་ལ་འགྱུར་བ་འགྲོ་གི་ཡོད་པ་བཤད་ཀྱི་ཡོད་པ་སོགས་ནི་ཧ་ཅང་གི་མཐུན་འདུག་སྙམ། ། གཉིས་པ། རྡུལ་ཕྲ་མོའི་རང་བཞིན་ཇི་ཡིན་ཐད་ནས་སྟོང་པའི་རྡུལ་གྱི་རྣམ་གཞག་དང་། ཚད་རྡུལ་དངོས་ཁམས་རིག་པའི་འདོད་ཚུལ་གཉིས་ཕྱོགས་ཙམ་མཐུན་ཡོད། དེ་ཡང་སྐབས་འདིར་སྟོང་པའི་རྡུལ་ལམ་ཡེ་ཤེས་ཀྱི་རྡུལ་ཞེས་པ་ནི་རྡུལ་གཞན་རྣམས་ཀྱི་རང་བཞིན་མཚོན་པ་ལས་གཟུགས་ཅན་གྱི་རྫས་ལོགས་སུ་གྲུབ་པ་ཞིག་མེད་པ་དང་། སྟོང་པའི་རྡུལ་བཤད་དགོས་པའི་གནད་གཙོ་བོ་ཞིག་ནི་གོང་དུ་བཤད་ཟིན་པ་ལྟར་ཆོས་རྣམས་རང་ངོས་ནས་གྲུབ་པ་འགོག་ཆེད་ཡིན་ཏེ། དེ་ཡང་དཔེར་ན་བྱེ་བྲག་སྨྲ་བས་ཀུན་རྫོབ་པ་རྣམས་ཀྱི་གཞི་རྟེན་མཐར་ཐུག་ཏུ་གྱུར་པའི་དོན་དམ་པའི་བདེན་པ་རྡུལ་ཆ་མེད་དང་། སྐད་ཅིག་ཆ་མེད་གཉིས་དེ་ཕྱི་རོལ་པ་འགའ་ཞིག་གིས་འདོད་པ་ལྟར་རྟག་པ་དང་། རང་དབང་ཅན་མ་ཡིན་ཀྱང་བདེན་གྲུབ་དང་རྫས་ཡོད་ཐམས་ཅད་ཀྱི་རྨངས་གཞིར་འདོད་མོད་། འདིར་དེ་ལྟ་མ་ཡིན་པར་འཇིག་རྟེན་ཁམས་ཀྱི་རྩོམ་གཞིར་གྱུར་པའི་རྡུལ་ཕྲ་མོ་ཡོད་ཀྱང་དེ་དག་རྫས་སུའམ་རང་ངོས་གྲུབ་པ་གང་ཡང་མིན་པ་གསལ་བར་བྱེད་པའི་ཕྱིར་རོ། དེ་དང་མཚུངས་པར་ཚད་རྡུལ་དངོས་ཁམས་རིག་པའི་གྲུབ་དོན་གྱི་ནང་དུ་གཞི་རྩའི་རྡུལ་རྣམས་རང་བཞིན་གྲུབ་པ་མེད་པའི་ཕྱོགས་ཀྱི་བཤད་པ་མང་པོ་ཡོད་དེ། རླབས་རྡུལ་ཟུང་ལྡན་གྱི་རང་བཞིན་ནང་རྡུལ་དང་རླབས་ཀྱི་རྣམ་པ་གང་ཞིག་མངོན་པ། བརྟག་དཔྱད་ཀྱི་རྒྱུད་རིམ་ལ་རག་ལས་པ་མ་གཏོགས་བརྟག་དཔྱད་ཀྱི་རང་དབང་ལས་བརྒལ་ནས་རྡུལ་ཕྲ་མོ་གང་ཞིག་རླབས་དང་། ཡང་ན་རྡུལ་གྱི་རང་བཞིན་ངེས་པ་ཅན་དེ་འདྲ་མེད་པ་རྟག་དཔྱད་རྣམས་མང་ཀྱི་འབྲས་བུར་རྙེད་ཡོད་པ་དེར་ཀུན་མཐུན་ཡོད་པ་མ་ཟད་། སྲིད་རུང་ཀྱི་ཨང་རྩིས་ནང་ཇི་ལྟར་བབ་མིན་ཐད་རྩོད་མེད་ཡིན་མོད། འོན་ཀྱང་དེའི་འགྲེལ་བཤད་ཐད་མི་མཐུན་པ་མང། གང་ལྟར་གྲགས་ཆེ་བ་གཅིག་ནི་ཚན་རིག་པ་དེ་དག་གི་ཁྲོད་ལྟ་བ་པོ་ལ་རག་ལས་པར་འདོད་པའི་ཀོ་ཧྥན་ཧེ་ཀན་གྱི་འགྲེལ་བརྗོད་ཅེས་པ་བྱུང་ཡོད་པ་དེ་ནི་༧གོང་ས་མཆོག་གི་གསུང་པ་ལྟ་སེམས་ཙམ་པའི་ལྟ་གྲུབ་སྟེ་ཕྱི་རོལ་རང་བཞིན་མེད་པའི་ལྟ་ཚུལ་དང་ཉེ་ཡོད། དེ་བཞིན་སྲོལ་རྒྱུན་དངོས་ཁམས་ལྟར་རྡུལ་ཟེར་དུས་ གནས་ངེས་ཅན་དང་། གདོད་ཚད་དང་ལྡན་པ། དེ་བཞིན་རང་དབང་ཅན་གྱི་གོ་ས་བཟུང་ནས་འདོད་པའི་ཚུལ་ལས་བརྒལ་ནས་གཞི་རྡུལ་ཕྲ་མོ་རྣམས་ངེས་མེད་དང་། ཡུན་ཆེས་ཐུང་བ། རང་དང་མཚུངས་པའི་ལྡོག་རྡུལ་ཡོད་པ།དེས་རྐྱེན་པས་ནུས་པ་དང་རྡུལ་གཉིས་སུ་བརྗེ་ལེན་ནམ་ཕན་ཚུན་འགྱུར་བ་ཡང་ཡང་བྱེད་ཀྱི་ཡོད་པར་འདོད་ཀྱི་ཡོད། ལྷག་པར་དུ་ཚད་རྡུལ་འཛིང་ཐེབ་(Quantum Entanglement)ཀྱི་ནང་དུ་ཆེས་ཤིན་ཏུ་རྒྱང་ཐག་རིང་བའི་རྡུལ་གཉིས་གསུམ་སོགས་ཀྱི་བར་དུ་ཡང་། གཡོོལ་ཐབས་མེད་པའི་ལྟོས་གྲུབ་ཟབ་མོ་ཡོད་པ་དངོས་ཡོད་བརྟག་དཔྱད་ནང་ར་འཕྲོད་བྱུང་བ་ལ་རྟེན་ནས་ཐམས་ཅད་ལྟོས་གྲུབ་ཀྱི་སྐོར་གླེང་བཞིན་ཡོད་པ་རེད། འོན་ཀྱང་མི་འདྲ་ས་ཆེ་ཤོས་གཅིག་ནི། ཚན་རིག་ནང་གཟུགས་ཅན་རགས་པའི་གནས་སྟངས་ནང་སྣང་ཚུལ་ལྟར་མ་གྲུབ་པའི་ཚད་རྡུལ་གྱི་སྣང་ཚུལ་དེ་མེད་པ་དང་། དེ་བཞིན་ཚད་རྡུལ་གྱི་རང་བཞིན་ངེས་མེད་ཀྱི་ལྟ་གྲུབ་ལས་ཆགས་སོགས་ཉོན་མོངས་དང་། ངར་འཛིན་དང་འདོད་བརྔམས་སོགས་ཆུང་དུ་གཏོང་བ་སོགས་སུ་ཕན་གནོད་ཡོད་མེད་ཐོག་དཔྱད་པ་ཙམ་བཞུགས་མེད་ལ། ཡང་མང་པོ་ཞིག་གིས་ཚད་རྡུལ་དངོས་ཁམས་རྒྱུད་ནས་རྣམ་ཤེས་ཀྱི་རང་བཞིན་ངོས་འཛིན་བྱེད་ཐུབ་རེ་བྱེད་ཀྱི་ཡོད་ཀྱང་། ལྟ་གྲུབ་དེ་ཚོས་ཐ་ན་སེམས་ཁམས་བཅོས་ཐབས་ཙམ་ལ་ཡང་འབྲེལ་བ་ཡོད་པའི་ཚོར་སྣང་ད་ལྟའི་ཆར་ཡོད་ཚོད་མི་འདུག །
གསུམ་པ། རྩོམ་ཚུལ་གྱི་ཆ་ནས་བཤད་ན་གཟུགས་ཅན་ཀུན་གྱི་རྩོམ་གཞིའི་རྡུལ་ཕྲ་མོ་ནི་མི་རྟག་ལ་འགྱུར་བའི་རང་བཞིན་ཅན་ཙམ་མ་ཟད་སྐབས་རེ་ནུས་པ་ཙམ་གྱི་ངོ་བོར་གནས་པར་འདོད་པ་དེ་མཐུན་པ་ཡིན། དེ་ཡང་དུས་འཁོར་གྱི་སྐབས་འདིར་མཁའ་རྡུལ་ཞེས་པ་ཕལ་ཆེར་ནུས་པ་ཙམ་དུ་ཟད་པ་འདིའི་ཉེར་ལེན་ལས་འབྱུང་བ་ཕྲ་མོ་རྣམས་འདུས་ནས་བེམ་གཟུགས་རྣམས་གྲུབ་པ་དང་། བེམ་གཟུགས་རྣམས་སླར་ཡང་དེའི་ངང་དུ་ཐིམ་ཡོང་བའི་ལྟ་ཚུལ་དེ་ནི་ཚན་རིག་པ་ཨ་དབྱིན་ཐན་གྱིས་གསར་གཏོད་མཛད་པའི་ཆེས་སྙན་གྲགས་ཆེ་བའི་རྣམ་གཞག་སྟེ་བེམ་པོ་དང་ནུས་པ་བརྗེ་འགྱུར་གྱི་ཁྲིམས E=mc2 ཞེས་པ་དང་ཧ་ཅང་མཐུན་ཡོད། ངོས་རང་གི་བསམ་ཚུལ་ལ་མངོན་པ་འོག་མ་ནས་བཤད་པའི་འབྱུང་བཞི་རྡུལ་ལས་མངོན་པ་གོང་མ་ནས་བཤད་པའི་ནུས་པའི་རང་བཞིན་ལྟ་བུ་འབྱུང་བ་དེ་དག་ཕྲ་བ་དང་། མངོན་པ་གོང་མ་ལས་སྐབས་རེ་རྡུལ་ཕྲ་མོ་འབྱུང་འགྱུར་ལྟ་བུར་གསུངས་མོད་ཀྱང་། དེ་ལས་ཀྱང་སྐབས་འདིར་བཤད་པའི་ནམ་མཁའི་རྡུལ་ནི་འབྱུང་བ་ཕྲ་མོ་མཐའ་དག་གཞི་རྟེན་མཐར་ཐུག་གི་རང་བཞིན་ལྟ་བུ་ཡིན་པས་རྣམ་གཞག་ཕྲ་ཤོས་ཡིན་སྙམ། དེས་ན་ཕྲ་རགས་ཀྱི་རིམ་པ་གསུམ་ཡོད་པ་ལྟར་སྣང་ངོ། འོན་ཀྱང་མི་འདྲ་ས་ནི་ཚན་རིག་ནང་རྡུལ་རྩམ་ཚུལ་ཐད་ཆེས་ཞིབ་ཚགས་སུ་ཡོད་པ་དེ་ཡིན། དེ་ཡང་ཚད་ལྡན་དཔེ་གཟུགས་ཀྱི་མ་ལག་གཞིར་བཟུང་ན་གཞི་རྩའི་ཆ་མེད་ཀྱི་རྡུལ་རིགས་ལ་ཁོབ་རྡུལ་དྲུག ལེབ་ཊོན་དྲུག སྦོ་སོན་ནམ་ཤུགས་འཁྱེར་མཁན་རྡུལ་བཞི། ཧིག་སི་སྦོ་སོན་ཏེ་བཅུ་བདུན་རྙེད་ཡོད་པ་ལས། ཁོབ་རྡུལ་གསུམ་རེ་ལས་ཕོ་རྡུལ་དང་། བར་རྡུལ་རེ་རེ་གྲུབ་ཅིང་དེ་གཉིས་ཚོགས་པ་ལས་ལྟེ་རྡུལ་གྲུབ། དེའི་མཐའ་འཁོར་དུ་གློག་རྡུལ་འཁོར་བ་གསུམ་ལས་རྡུལ་ཕྲན་གཅིག་གྲུབ། དེ་ཡང་ཕོ་རྡུལ་གྱི་གྲངས་མི་འདྲ་བ་ལས་རྡུལ་ཕྲན་རིགས་མི་འདྲ་བ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ལ་རྩ་རྫས་ཟེར་ཞིང་དེ་ཡང་ཕོ་རྡུལ་གཅིག་ཙམ་ལྡན་ན་རྩ་རྫས་དེ། ཡང་རླུང་དུ་གྲུབ་པ་དང་། ཕོ་རྡུལ་བརྒྱད་ཙམ་ལྡན་ན་རྩ་རྫས་དེ་སྲོག་རླུང་དུ་གྲུབ་ཅིང་། དེ་ལྟ་བུ་ཡང་རླུང་གཉིས་དང་སྲོག་རླུང་གཅིག་འདུས་པ་ལས་ཆུ་རྡུལ་གྱི་ངོ་བོ་གཅིག་གཞི་ནས་གྲུབ་ཀྱི་ཡོད། རང་རེའི་གཞུང་ནང་། ལྕགས་ཆུ་རི་བོང་ལུག་དང་གླང་ཞེས་སོགས་ཀྱིས་རྡུལ་ཕྲན་གྱི་ཆུང་ཚད་ཧ་ཅང་གི་ཕྲ་མོ་གསུངས་པ་དེའི་ཆུང་ཚད་ཨང་རྩིས་ནང་རོབ་རྩིས་བྱེད་སྐབས་ཚན་རིག་པའི་རྡུལ་ཕྲན་གྱི་ཆེ་ཆུང་དང་འདྲ་བ་ལས་ལྟེ་རྡུལ་དང་། གློག་རྡུལ་སོགས་ལས་ཧ་ཅང་གི་རགས་པ་དང་། དེ་བཞིན་རྡུལ་རེའི་གདོས་ཚད་དང་། གློག་འཁུར་གྱི་རང་བཞིན། གློག་ཤུགས་དང་ནུས་པ་ཆེ་ཆུང་གྲངས་ཇི་ཙམ་ཡོད་མེད། འཕྲུལ་བཟོའི་ལག་རྩལ་གང་ཞིག་གི་ནང་བེད་སྤྱོད་མིན་སོགས་གསལ་པོ་གང་ཡང་མེད་པར་རྟེན་ཕྱིའི་གཟུགས་ཀྱི་ཐོག་ཚན་རིིག་གི་ཤེས་བྱ་བླངས་ནས་ནང་བསྟན་མཚན་ཉིད་རིག་པ་ཕྱུག་ཏུ་གཏོང་རྒྱུ་ནི། གཡོལ་དུ་མེད་པའི་དུས་རབ་ཀྱི་དགོས་འཁོ་དང་། རང་རེའི་འགན་འཁྲིར་མཐོང་ངོ།།
བཞི་པ། དུས་འཁོར་གཙོ་བོ་གྱུར་པའི་ནང་པའི་གཞུང་ནང་གཞི་དངོས་པོའི་གནས་ལུགས་མཐར་ཐུག་གླེང་སྐབས་གལ་ཆེ་ཤོས་ཤིག་རླུང་གི་སྐོར་ནས་འགྲེལ་གྱི་ཡོད་པ་སྟེ། ཆེ་ས་ནས་འཇིག་རྟེན་ཆགས་འཇིག་དང་། ཐ་ན་དངོས་གཟུགས་ཀྱི་དབྱིབས་གྲུབ་པ་རླུང་ལས་ཡིན་ཚུལ་དང་། མིའི་ལུས་ཀྱི་བྱ་བ་དང་། ཟས་འཇུ་ཚུལ་སོགས་དང་། ཕྲ་ས་ནས་གསང་སྔགས་ཀྱི་ཉམས་ལེན་དང་། ཤེས་པ་ཕྲ་མོ་སོགས་རླུང་དང་འབྲེལ་ནས་འཆད་ཀྱི་ཡོད་པས་སོ། དེས་ན་དེ་དང་ཚན་རིག་ནང་བཤད་བཞིན་པའི་ཤུགས་ཀྱི་སྐོར་འབྲེལ་བ་གང་ཡོད་དམ། དེ་ཡང་དེང་རབ་ཚན་རིག་ནང་ཤུགས་བཞིའི་སྐོར་ནས་མ་གླེང་ནས་དངོས་ཁམས་ཚན་རིག་གི་མ་ལག་གང་ཡང་འགྲེལ་བརྗོད་ཚང་བ་བྱེད་མི་ཐུབ་པར་བརྗོད་ཀྱི་ཡོད། དཔེར་ན་རྡུལ་ཕྲན་ཞིག་གྲུབ་པ་ལའང་ཤུགས་བཞི་དགོས་ཏེ་དེ་ཡང་ཕོ་རྡུལ་གྱི་མཐའ་སྐོར་དུ་གློག་རྡུལ་འཆིང་བ་གློག་ཁབ་ལེན་གྱིས་ཤུགས་ལས་དང་། ཕོ་རྡུལ་དང་བར་རྡུལ་མཉམ་དུ་ཚོགས་པ་དྲག་པའི་ཤུགས་ཀྱི་དང་། ཕོ་རྡུལ་ཉམས་རྒུད་འགྲོ་བ་ཞན་པའི་ཤུགས་ཀྱིས་དང་། དེ་དག་ཀུན་གྱི་བར་འཐེན་ཤུགས་ཕྲ་མོ་བཞུགས་ནས་བྱ་བ་བྱེད་ཀྱི་ཡོད་པས་སོ། དེས་ན་རླུང་དང་།ཤུགས་གཉིས་ལ་མིང་འདོགས་ཚུལ་མི་འདྲ་ཡང་མཐུན་པ་ཡོད་སྲིད་དེ། དཔེར་ན་བྱེ་བྲག་སྨྲ་བས་རྡུལ་ཆ་མེད་རྣམས་མ་རེག་ཀྱང་འཆིང་བ་རླུང་གི་སྟོབས་ཀྱིས་ཡིན་པར་བཞེད་པ་དང་ཚན་རིག་པས་ཤུགས་ཀྱིས་ཡིན་པར་འདོད་པ་དང་། དེ་བཞིན་འཇིག་རྟེན་ཁམས་ཀྱི་རྩོམ་གཞི་ཕལ་ཆེ་བ་དང་ཐོག་མ་རླུང་ལས་ཡིན་པར་འདོད་པ་དང་། ཚན་རིག་པས་འཇིག་རྟེན་ཁམས་ནང་གི་རྩ་རྫས་དང་པོ་ཡང་རླུང་ཡིན་པ་དང་། མང་ཤོས་ཀྱང་ཡང་རླུང་གི་རྡུལ་ཕྲན་ཡིན་པར་འདོད་པ་སོགས་སོ། དེ་ལས་སོགས་པའི་དཔྱད་གཞི་མང་མོད་ཡིག་ཚོགས་ལ་འཇིགས་པས་རེ་ཞིག་དེ་ཙམ་མོ། མདོར་ན་ཚན་རིག་དང་ནང་ཆོས་གཉིས་ཀ་འཐུས་སྒོ་ཚང་བའི་མི་རིགས་ཀྱི་རིགས་གནས་བླ་ན་མེད་པའི་རིག་གནས་ཆེ་ཤོས་གཉིས་ཡིན་པས་གཅིག་གི་གཅིག་ལ་རྒྱབ་རྟེན་འཚོལ་ཀྱི་མེད་ལ་འཚོལ་དགོས་དོན་ཡང་མེད། གང་ལྟར་དེ་གཉིས་ཕན་ཚུན་ཟུང་དུ་སྦྲེལ་དང་གོ་བ་ལེན་ཕྱོགས་ཁ་སྐོང་རེས་བྱས་ན་མིའི་རིགས་ཀྱི་རྣམ་དཔྱོད་སྤེལ་ཐུབ་པ་དང་རང་སོ་སོའི་ས་ནས་སྐྱེ་བོ་གྲངས་ལས་འདས་པའི་བདེ་སྐྱིད་བསྐྲུན་བཞིན་ཡོད་པས་དཔྱོད་པར་རིགས་སོ།། སྐྱེས་འགྲོ་ཀུན་གྱི་ཕན་བདེའི་འབྱུང་གནས་གཅིག་པུ། འཕགས་མཆོག་ཕྱག་ན་པདྨོའི་བཀའ་དྲིན་ཉག་གཅིག་ལས་ཕྱོགས་གཉིས་ཀའི་ལུགས་ལ་སྦྱང་པ་ཅུང་ཟད་སོན་པ་སེར་བྱེས་ལྷ་རམས་པ་ཐབས་མཁས་ཀྱིས། །
ལུང་འདྲེན་དང་། དཔྱད་གཞི་ཁག
༡ མཁས་གྲུབ་རྗེ་གསུང་འབུམ་པོད་ཁ ཤོག་གྲངས། ༥༨༦
༢ འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན། ཤོག་གྲངས། ༡༦༠
༣ མཁས་གྲུབ་རྗེ་གསུང་འབུམ་པོད་ཁ ཤོག་གྲངས། ༥༨༣
༤ རྡུལ་སྙེད་འཇིག་རྟེན།
༥ དུས་འཁོར་སྤྱི་དོན། ཤོག་གྲངས། ༡༣༠
༦ ཚད་མ་རྣམ་འགྲེལ་ལེའུ་གཉིས་པ།
༧ མངོན་པ་ཀུན་བཏུས།
༨ འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
༩ དུས་འཁོར་སྤྱི་དོན། ཤོག་གྲངས། ༡༣༠
༡༠ འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན། ཤོག་གྲངས། ༧༨
༡༡ དུས་འཁོར་སྤྱི་དོན། ཤོག་གྲངས། ༡༡༨
༡༢ དུས་འཁོར་རྒྱུད་ཀྱི་ཚིག་དོན་གསལ་བྱེད་ཉིན་མོའི་སྣང་བ།
༡༣ འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན། ཤོག་གྲངས། ༨༡
༡༤ མཁས་གྲུབ་རྗེ་གསུང་འབུམ་པོད་ཁ། ཤོག་གྲངས། ༥༨༥
ཚན་རིག་གི་བཤད་པ་དེ་དག ཨ་མི་རི་ཀའི་མཐོ་སློབ། Arizona University སྐར་དཔྱད་པ་གྲགས་ཅན་གྱི་དགེ་ཆེ་ཁི་རི་སི་( Crist Empey) ལགས་དང་། Emory University དངོས་ཁམས་རིག་པའི་དགེ་ཆེ་རྗོན་( John malko ) ལགས་སོགས་ ཀྱིས་སློབ་འཁྲིད་གནང་སྐབས་ཀྱི་རྒྱུ་ཆ་དང་ཟིན་བྲིས། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་དྲ་རྒྱའི་ནང་གི་རྒྱུ་ཆ་བཅས་ལ་གཞི་བཅོལ་བ་ཡིན།