བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ།

༡   གང་ལ་རྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ།
༢  དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ།
༣  ཇི་ཙམ་གྱིས་ནི་སྐྱབས་སུ་སོང་བའི་ཚུལ།
༤ སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ།
༥  སྐྱབས་འགྲོའི་ཕན་ཡོན་བརྗོད་པའོ།།

དང་པོ། སྐྱབས་སུ་འགྲོ་བའི་རྒྱུ་ལ་དབྱེ་ན་གཉིས།

༡   རང་འཁོར་བ་དང་ངན་འགྲོའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ།
༢   དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་དད་པའོ།།

གཉིས་པ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས།
ཡུལ་ངོས་བཟུང་བ་དང་།   སྐྱབས་སུ་འོས་པའི་རྒྱུ་མཚན་བསྟན་པའོ།།

དང་པོ།  སྐྱབས་ཡུལ་ངོས་བཟུང་བ་ལ།
སངས་རྒྱས།  ཆོས། དགེ་འདུན་གསུམ་མོ།།

གཉིས་པ། སྐྱབས་སུ་འོས་པའི་རྒྱུ་མཚན་བསྟན་པ་ལ་བཞི།

༡  རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ་བ།
༢  གཞན་འཇིགས་ལས་སྒྲོལ་བའི་ཐབས་ལ་མཁས་པ།
༣  ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ།
༤ ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་བཅས་སོ།།

གསུམ་པ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ལ་བཞི།

༡   ཡོན་ཏན་ཤེས་པ།
༢  ཁྱད་པར་ཤེས་པ།
༣  ཁས་བླངས་པ།
༤ གཞན་དུ་མི་སྨྲ་བར་སྐྱབས་སུ་སོང་བའོ།།

བཞི་བ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ལ་གཉིས།

བསྡུ་བ་ལས་འབྱུང་བ་བརྒྱད་དང་།  མན་ངག་ལས་འབྱུང་བ་བཅུ་གཉིས།

དང་པོ།  བསྡུ་བ་ལས་འབྱུང་བ་བརྒྱད་ལ།  བཞི་ཚན་གཉིས་ལས།

བཞི་ཚན་དང་པོ་ལ།
༡   སྐྱེས་བུ་དམ་པ་ལ་བརྟེན་པ།
༢  དམ་པའི་ཆོས་ཉན་པ།
༣  ཚུལ་བཞིན་ཡིད་ལ་བྱེད་པ།
༤ ཆོས་མཐུན་གྱི་ལས་སྒྲུབ་པའོ།།

བཞི་ཚན་གཉིས་པ་ལ།
༡   དབང་བོ་རྣམས་ཞི་ཞིང་དུལ་བ།
༢  བསླབ་པའི་གཞི་ལེན་པ།
༣  སེམས་ཅན་ལ་སྙིང་བརྩེ་བ།
༤ དཀོན་མཆོག་ལ་རྒྱུན་ཏུ་མཆོད་པའོ།།

མན་ངག་ལས་འབྱུང་བ་ལ་བཅུ་གཉིས་ལས།
སོ་སོའི་བསླབ་བྱ་དང་།
ཐུན་མོང་གི་བསླབ་བྱའོ།།

དང་བོ་ལ་སོ་སོའི་བསླབ་བྱ་ལ།  དགག་པའི་བསླབ་བྱ་དང་།  སྒྲུབ་པའི་བསླབ་བྱ་དང་གཉིས།

དང་བོ།  དགག་པའི་བསླབ་བྱ་ལ་གསུམ།

༡  སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ཀླུ་སོགས་ལ་སྐྱབས་སུ་མི་འཛིན་པ།
༢  ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ།
༣ དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་པ་སོགས་དང་འགྲོག་འདྲིས་མི་བྱེད་པའོ།།

གཉིས་པ། སྒྲུབ་པའི་བསླབ་བྱ་ལ་གསུམ།

༡ སངས་རྒྱས་ལ་སྐྱབས་སུ་སོང་བས་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་སོགས་ལེགས་ཉེས་ཇི་འདྲ་ཡིན་ཀྱང་སངས་རྒྱས་ལྟར་བཀུར་བ།
༢  ཆོས་ལ་སྐྱབས་སུ་སོང་བས་ཆོས་ཚིག་བཞི་ཡན་ཆད་ལ་མ་གུས་པ་སྤང་ཞིང་།  ཆོས་དཀོན་མཆོག་དངོས་ལྟར་བཀུར་བ།
༣  དགེ་འདུན་ལ་སྐྱབས་སུ་སོང་བས་དགེ་འདུན་གྱི་རྟགས་ཙམ་འཛིན་པ་ཚུན་ཆད་ལ་བརྙས་སྨོད་མི་བྱེད་ཅིང་།  དགེ་འདུན་དཀོན་མཆོག་ལྟར་གུས་པ།

གཉིས་པ། ཐུན་མོང་གི་བསླབ་བྱ་ལ་དྲུག

༡   དཀོན་མཆོག་གསུམ་གྱི་ཁྱད་པར་དང་།  ཡོན་ཏན་རྗེས་སུ་དྲན་ཏེ་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ།
༢  དཀོན་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པས།  དུས་རྟག་ཏུ་དཀོན་མཆོག་མཆོད་པར་བརྩོོན་པ།
༣  རང་གི་ཇི་ལྟར་ནུས་པ་བཞིན་འགྲོ་བ་གཞན་ཡང་སྐྱབས་འགྲོ་ལ་འགོད་པ།
༤ བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་གྱི་ཐབས་གཞན་སྤོང་བ།
༥  སྐྱབས་འགྲོའི་ཕན་ཡོན་བསམ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ།
༦ དཀོན་མཆོག་གསུམ་བཞད་གད་ཙམ་དང་སྲོག་ཕྱིར་མི་འདོར་བའོ།།
དེ་དག་བསྡོམས་པས་སྐྱབས་འགྲོའི་བསླབ་བྱ་ཉི་ཤུ་ཐམ་པའོ།།

ལྔ་བ།  སྐྱབས་འགྲོའི་ཕན་ཡོན།
༡   ནང་བ་སངས་རྒྱས་པར་ཚུད་པ།
༢  སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ།
༣  སྔོན་བསགས་ཀྱི་ལས་སྒྲིབ་བསྲབས་ཤིང་འཛད་པ།
༤ བསོད་ནམས་རྒྱ་ཆེན་པོ་གསོག་པ།
༥  ངན་འགྲོར་མི་ལྷུང་བ།
༦  མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ།
༧  ཅི་བསམ་ཐམས་ཅད་འགྲུབ་པ།
༨   མྱུར་ཏུ་འཚང་རྒྱ་བ་བཅས་སོ།།

རོང་བོ་ཕ་ལམ་གྱིས་བསྒྲིགས།