ནང་ཆོས་དང་ཚན་རིག་དྲ་ཚིགས་གསར་པ་དབུ་འབྱེད་ཉིན་ལ་ཕུལ་བའི་ཤིས་ཚིག་སྙན་རྩོམ་སྣ་ཚོགས།

logo pic

༡)རྟེལ་འབྲེལ་ཞུ་བའི་ཤིས་ཚིག
༸ནང༵་ཆོས༵་ཉིན་བྱེད་འོད་ཀྱིས་འཇིག་རྟེན་གསལ།།
ཚན༵་རིག༵་ཟླ་གཞོན་སྣང་བས་སྨག་རུམ་སེལ།།
ཆོས་ཚན་ཉི་ཟླ་ཟུང་འབྲེལ་གཟི་འོད་འདིས།།
འཛམ་གླིང་རྨོངས་སངས་ཞི་བདེས་ཁྱབ་གྱུར་ཅིག།

ཆོས་ཚན་གླེང་སྟེགས་གྲལ་མཐའ་བ་རྨ་གླིང་ཁ་བས་དྲ་ཚིགས་དབུ་འབྱེད་ལ་གུས་པས་ཕུལ། ༢༩༨༡-༥-༢༥

༢)མཁས་པ་རྣམ་པའི་ལྗགས་ཀྱི་ཡངས་པ་ལས། །
ལུང་རིགས་བདུད་རྩིའི་སྨན་གྱི་ཕུལ་བྱུང་དེ། །
ཇི་ལྟར་སྤྱོད་ཀྱང་ཟད་མེད་སྒྱུ་འཕྲུལ་ཐབས། །
བསྒྱུར་མཛད་ཚོགས་གཙོ་གང་དེར་སྙིང་ནས་གུས། །
ལྷག་བསམ་ཟོལ་མེད་ནམ་མཁའ་ཡངས་པ་ལས། །
གནའ་དེང་རིག་པའི་འདོད་རྒུ་འབེབས་མཁས་པ། །
ཇི་ལྟར་འཚམ་པར་འགན་ཁུར་ལེགས་བཞེས་པ། །
ཁྱོད་ཀྱི་རྨད་བྱུང་མཛད་ལ་ཡི་རང་ཞུ། །

༣༽གནའ་དེང་ཆོས་ཚན་ཟུང་འཇུག་ཤེས་རིག་ནོར།།
རང་ཅག་བོད་མིའི་ཀུན་གྱི་བསྒོ་སྐལ་རྨད།།
མ་འོངས་མདུན་སྐྱོད་གོམ་ཁ་རབ་བརྟན་ཏེ།།
འཛམ་གླིང་ས་ཆེན་མཛེས་པའི་རྒྱན་གྱུར་ཅིག།
ཞེས་(ནང་ཆོས་དང་ཚན་རིག་གླེང་སྟེགས་)ཀྱི་དྲྭ་ཚིགས་གསར་པ་དབུ་འབྱེད་དང་བསྟུན་དགའ་བསུ་འཚམས་འདྲིའི་རྟེན་དུ་ཤར་ཁྲི་གདུགས་སམ་དགེ་བཤེས་ལྷ་རམས་པ་ངག་དབང་སྟོབས་ལྡན་གྱིས་༢༠༢༠/༧/༡༥ ཉིན་དགའ་སྤྲོ་ཆེན་པོས་ཕུལ།།

༤)འདི་ཆོས་པ་ཞིག་གིས་ངོས་ནས་བལྟས་ན་གཞན་ཕན་གྱི་མཛད་པ་གཅིག།
མི་རིགས་གཅིག་གིས་ངོས་ནས་བལྟས་ན་རིག་གཞུང་གསོ་སྐྱོང་གཅིག།
ཤེས་ཡོན་པ་གཅིག་གིས་ངོས་ནས་བལྟས་ན་ཤེས་རིག་གི་དཔལ་ཡོན་དར་སྤེལ་གཅིག་ཡིན་པས། དགེ་བཤེས་ཁྱེད་ཀྱིས་དྲ་ལམ་གསར་པ་འཐད་གཏོང་དང་རླབས་ཆེན་ཀྱི་བྱ་བཞག་ཐམས་ཅད་ལམ་འགྲོ་ཡོང་བར་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ། སྨར་ཚང་བརྒྱུད་འཛིན་པ་གངས་རི་ཀརྨ་པས།

༥)གངས་ལྗོངས་རིག་པའི་མཁའ་དབྱིངས་སུ།།
ཆོས་ཚན་འོད་སྣང་མཆེད་པར་ཤོག །
ནང་ཆོས་དང་ཚན་རིག་གླེང་སྟེགས་ཀྱི་དྲ་ཚིགས་གསར་བ་དངོས་སུ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།

༦)ནང་ཆོས་དང་ཚན་རིག་གླིང་གི་དྲ་ཚིགས་གསར་པ་ལེགས་གྲུབ་བྱུང་བར་བཀྲ་ཤིས་རྟེན་འབྲེལ་གྲངས་མེད་ཞུ།
སྙན་པའི་གྲགས་པ་སྲིད་པའི་ཁྱོན་ལས་བརྒལ།།
གཞིས་བྱེས་གཉིས་ཀྱི་མཁས་མང་ཀུན་འདུས་པའི།།
ནང་ཆོས་ཚན་རིག་གླིང་གི་ཚོམས་ཆེན་དུ།།
བཞུགས་པའི་མཁས་དབང་རྣམས་ལ་གུས་འདུད་ཞུ།།

འཇིག་རྟེན་ཁམས་འདི་དྲ་བའི་དུས་རབས་སུ།།
འགྱུར་བའི་སྐབས་དང་འཚམས་པའི་རང་རེས་ཀྱང་།།
ཆོས་ཚན་དྲ་མཛོད་ཆེན་མོ་ལེགས་སྒྲུབ་ཀྱི།།
སྒོ་འབྱེད་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུ།།

དྲ་ཚོམས་འདི་ན་གནའ་དེང་ཤེས་ཡོན་ཡོད།།
དྲ་ཚོམས་འདི་ན་རིག་པའི་འོད་སྣང་ཡོད།།
དྲ་ཚོམས་འདི་ན་མཁས་པའི་ལེགས་བཤད་ཡོད།།
དྲ་ཚོམས་འདི་ན་ཕེབས་ཤོག་ཤེས་ལྡན་རྣམས།།

དྲ་ཚོམས་འདི་ནི་ཆོས་ཀྱི་གདན་ས་ཡིན།།
དྲ་ཚོམས་འདི་ནི་ཚན་རིག་སློབ་གླིང་ཡིན།།
དྲ་ཚོམས་འདི་ནི་གཏམ་གྱི་བང་མཛོད་ཡིན།།
དྲ་ཚོམས་འདི་ན་ཕེབས་ཤོག་སྤུན་ཟླ་ལགས།།

དྲ་བའི་དུས་འདིར་དཔལ་འབྱོར་དྲ་བར་ལྟོས།།
དྲ་བའི་དུས་འདིར་ཤེས་ཡོན་དྲ་བར་ལྟོས།།
དྲ་བའི་དུས་འདིར་འཕྲོད་བསྟེན་དྲ་བར་ལྟོས།།
དྲ་བའི་དགེ་མཚན་དང་དུ་ལེན་པར་མཛོད།།

ས་ཁམས་རིལ་པོའི་ཤེས་ཡོན་འགྱུར་འགྲོས་ལྟར།།
ཨམ་གཙིགས་བསྡམ་སྟེ་ཕུ་ཐུང་བརྫེས་བཞིན་དུ།།
གངས་ཅན་པ་ཚོ་སེམས་ཤུགས་འཕར་བ་འདི།།
ཁ་བའི་ཤེས་དཔལ་དར་བའི་རྟེན་འབྲེལ་ཡིན།།

དབུ་ཚད་རིག་པའི་ཉིན་བྱེད་སྔ་ནས་ཤར།།
ཚན་རྩལ་པདྨའི་ལོ་འདབ་དེང་འདིར་བཞད།།
ཚན་ཆོས་ཟུང་དུ་འཇུག་པའི་རྟེན་འབྲེལ་ལས།།
གོ་ལའི་ལྗོངས་སུ་དགེ་ལེགས་ཆར་རྒྱུན་བཟང་།།

དཀའ་བ་བརྒྱ་དང་འབད་པ་སྟོང་གིས་ནི།།
དྲ་ཚིགས་འདི་ལྟར་བཟོ་བསྐྲུན་གནང་མཁན་གྱི།།
ཚོགས་གཙོ་དགེ་བཤེས་འབྱོར་མཆོག་གཙོས་བྱས་པའི།།
འབྲེལ་ཡོད་ཀུན་ལ་བཀའ་དྲིན་ཆེ་ཞེས་ཞུ།།
དགའ་ཤར་དགེ་བཤེས་མངོན་རྟོགས་རྒྱན་གྱིས།

༧)༄༅། །ན་མོཨཱརྱལོཀེཤྭར་ཡ།།
རྒྱལ་ཀུན་བརྩེ་ཆེན་སྤྱན་རས་གཟིཊ་དབང་གང་།།
ཞལ་ཕྱག་སྟོང་ནི་བླ་གོས་གསེབ་ཏུ་སྦས།།
ཚན་ཆོས་སྲོལ་འབྱེད་ཉིད་གྱུར་གསུང་དབྱངས་ཀྱིས།།
གོ་ལར་ཧྲིལ་པོར་དབང་མཛད་དྲིན་ཅན་རྗེ།།

ཕྱག་ན་པདྨོའི་ལམ་སྟོན་འོད་ཟེར་གྱིས།།
གོ་ལ་ཧྲིལ་པོའི་མུན་སྟུག་ལྷག་མེད་བཅོམ།།
ཚན་ཆོས་ཟུང་འབྲེལ་ཀུན་ཌའི་མཛེས་ཞལ་ངོམ།།
ཐབས་ཤེས་སྣང་བ་དཀར་པོས་གླིང་འདིར་ཁྱབ།།

ཤེས་རབ་རྣམ་དཔྱོད་འཁྲིགས་པའི་ཆུ་འཛིན་དབུས།
ཚན་ཆོས་ལུང་རིགས་བྱེ་བའི་སྤྲིན་སྒྲའི་དབྱངས།།
རིགས་གསལ་མདོངས་མཐའ་པ་རྣམས་དགྱེས་པ་སྐོངས།
མཁས་མཆོག་དབྱར་སྐྱེས་དབང་པོ་ཁྱོད་ལས་སུ།

གཏིང་དཔོགས་དཀའ་བའི་གང་ཐུགས་ཆུ་གཏེར་ལས།།
ལེགས་འོངས་ཚན་ཆོས་ཟུང་འབྲེལ་མུ་ཏིག་གི།།
དོ་ཤལ་མཁས་དབང་བུ་མོའི་མགུལ་རྒྱན་དུ།།
སྒྲོན་མཛད་ས་གསུམ་བླ་མ་ཁྱོད་ཉིད་རྒྱལ།།

ཚན་ཆོས་མཁས་ཅན་སྨྲ་བ་ཡོངས་ཀྱི་ལྷ།
གནའ་དེང་མཁས་པར་བསྙེས་པས་རྣམ་དཔྱོད་བློས་
ཚན་ཆོས་འགལ་རྨོངས་བཅོམ་ལ་བློ་ཡི་མཆོག།
བརྙེད་ནས་ཟུང་འབྲེལ་སྤེལ་ལ་ཟླ་བྲལ་གྱུར།

མཁྱེན་གཏེར་ཆེན་པོས་ཚན་ཆོས་འགལ་མེད་གཟིཊ།
ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་ལ་མཁས།
འགག་མེད་གསུང་གིས་ཞི་བདེའི་ལམ་སྟོན་པས།
གོ་ལ་ཧྲིལ་པོར་ཡོངས་སུ་བཟུང་དེ་རྒྱལ།

སྐུ་བཞི་སྐུ་ཡི་དབྱིངས་རིག་གིས།
ཚན་ཆོས་དབྱར་རྔ་རབ་སྒྲོགས་པ།
གངས་ཅན་མགོན་པོ་ཉག་གཅིག་ནི།
བདག་གི་ཡིད་ལ་རོལ་བར་མཛོད།

ཅེས་པ་འདི་ནང་ཆོས་དང་ཚན་རིག་གི་དྲྭ་རྒྱ་དབུ་འབྱེད་རྟེན་འབྲེལ་ཞུ་བའི་ཆེད་དུ་ངག་དབང་སྟོབས་ལྡན་པས་སྦྱར་བའོ།།

༨༽ནང་ཆོས་དང་ཚན་རིག་དྲ་ཚིགས།

ཡིད་སེམས་འཁྲུགས་པའི་གདུང་བ་འཇོམས་པའི་སྨན།།
བདེ་ཆེན་དགའ་བ་རྒྱས་བྱེད་ཞི་བའི་དཔལ།།
ཀུན་ཁྱབ་བྱམས་བརྩེའི་གཏེར་ཆེན་དམ་པའི་ཆོས།།
ཉོན་མོངས་དགྲ་ལས་རྣམ་རྒྱལ་འདི་ན་བཞུགས།།

ངོ་མཚར་དངོས་པོའི་རྟེན་འབྱུང་གསང་བའི་གནད།།
ཐབས་འཕྲུལ་རིག་པས་མཐུན་སྦྱོར་བསྡེབས་པ་ལས།།
མཁོ་དགུའི་འདོད་འཇོ་ཚན་ཚན་རིག་པའི་གཏེར།།
དངོས་གྲུབ་འཚོ་བའི་དཔལ་སྟེར་འདི་ན་ཡོད།།
དྲང་སྲོང་སྤོབས་ནས། རྟེན་འབྲེལ་ཞུའོ།།

༩)དངོས་ཤུགས་བརྒྱུད་པའི་ལས་ལ་འབྲེལ་བའི་ལྷག་བསམ་ཅན་རྣམས་ལ་སྙིང་ནས་མངོན་པར་བསྟོད་པ་དང་འབྲེལ། དྲ་ལམ་འདིའི་བརྒྱུད་དོན་གཉིས་འབྲས་བཟང་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།   གསེར་མདོག་ལྷ་སྲས། །༡༥།༧།༢༠༢༠།

འབྲེལ་གཏུགས་བྱེད་ཡུལ་ཁ་བྱང་།
Email address:  sciencemeetsbuddhism@gmail.com
ནང་ཆོས་དང་ཚན་རིག་གླེང་སྟེགས།
རྒྱང་འཕྲིན་ནམ་<<ཏཱ་འཕྲིན>>ཁ་བྱང་།
https://telegram.me/scienceandbuddhism
ནང་ཆོས་དང་ཚན་རིག་གླེང་སྟེགས་ཀྱི་ངོ་དེབ།
https://www.facebook.com/100049950918953/posts/154237596251270/
ནང་ཆོས་དང་ཚན་རིག་གླེང་སྟེགས་ངོ་དེབ། Facebook page
https://www.facebook.com/102476654770884/posts/151601436525072/