ནང་ཆོས་དང་ཚན་རིག – འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།

1_JFy7PMyCwCrtS-D_w1SIbg-compressed

དྲི་བ། ཁྱེད་ཀྱིས་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་ལམ་ཐོག་བཀའ་སློབ་མང་ཙམ་དང་། དེ་གཉིས་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་དམིགས་བསལ་གྱི་དཔེ་མཚོན་འགའ་ཞིག་གསུང་རོགས་གནང་།

འབུམ་རམས་པ་བྷར་ཛིན། ༸གོང་ས་མཆོག་གཙོ་བོར་གྱུར་བའི་ནང་པའི་མཁས་དབང་རྣམས་དང་ཚན་རིག་མཁས་དབང་དབར་གྱི་བགྲོ་གླེང་ལ་བརྟེན་ནས་ད་ལྟ་བར་གཙོ་བོ་དམིགས་ཡུལ་གསུམ་གྱི་ཐོག་དོ་ནན་གནང་བཞིན་མཆིས། དང་པོ་ནི། འཇིག་རྟེན་ཁམས་འདི་གོང་འཕེལ་ཇི་ལྟར་ཕྱིན་ཡོད་པ་དང་། དེ་ལ་ཐོག་མ་ཞིག་ཡོད་དམ། འདི་གསར་སྐྲུན་བྱས་པ་ཞིག་ཡིན་ནམ། ཡང་ན་གདོད་མ་ནས་གནས་པའི་རྒྱུད་རིམ་ཞིག་གི་ཆ་ཤས་ཡིན་ཞེས་གཙོ་བོ་དེ་དག་དང་འབྲེལ་བའི་གཟའ་སྐར་གྲུབ་རྫས་དཔྱད་རིག་གི་སྐོར་ཡིན། གཉིས་པ་ནི། རྡུལ་ཕྲན་དང་རྡུལ་རྫས་ཀྱི་བཀོད་པ་དང་འབྲེལ་བའི་རྡུལ་གྱི་དངོས་ཁམས་རིག་པ་ཡིན། གསུམ་པ་ནི། ཀླད་པས་བྱ་བ་བྱེད་སྟངས་སྐོར་གྱི་དབང་རྩའི་ཚན་རིག་བཅས་ཡིན། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དེ་དག་ཡིན།

ནང་ཆོས་དང་ཚན་རིག་གཉིས་ཀས་ཐུན་མོང་དུ་ངེས་ཤེས་རྙེད་པའི་ཐག་གཅོད་གཅིག་ནི་འཇིག་རྟེན་བཀོད་པ་པོ་མེད་པ་དེ་ཡིན། ཚན་རིག་ནང་། རྡུལ་དང་ནུས་པ་ཉར་ཚགས་བྱེད་པའི་རྣམ་གཞག་གིས་རྡུལ་དང་ནུས་པ་ནི་འགྱུར་བ་གཏོང་ཐུབ་པ་ལས། གསར་སྐྲུན་མི་ཐུབ་ལ་གཏོར་བཤིག་ཀྱང་གཏོང་མི་ཐུབ་ཅེས་བརྗོད་ཀྱི་ཡོད། ནང་པས་དེ་མཐའ་གཅིག་ཏུ་ཁས་ལེན་ཅིང་རྩ་འཛིན་དེ་སེམས་ཀྱི་ཐོག་ལ་རྒྱ་སྐྱེད་དང་ལག་བསྟར་བྱེད། ནང་ཆོས་ནང་ “སེམས་” ནི་རིག་ཚོར་ཅན་དང་རིག་ཚོར་ཅན་མ་ཡིན་པ་གང་ལྟར་ཡང་ཆོས་རྣམས་རྟོགས་པའི་ཤེས་པ་ལ་གོ་བ་དང་། ཆོས་རྣམས་རྟོགས་པའི་ཤེས་པ་དེ་ནི་འགྱུར་བ་གཏོང་ཐུབ་པ་ལས། གསར་སྐྲུན་མི་ཐུབ་ལ་གཏོར་བཤིག་ཀྱང་གཏོང་མི་ཐུབ་པར་འདོད། དེས་ན། སྐྱེ་བ་ཕྱི་མ་ཞེས་པ་ཡང་ད་ཡོད་ཀྱི་གང་ཟག་གང་ཞིག་གི་རྣམ་ཤེས་ཀྱི་རྒྱུན་འགྱུར་བ་འགྲོ་བ་དེ་ཡིན། འོན་ཀྱང་ད་ལྟ་ལུས་རྟེན་གཞན་ཞིག་གི་ངོ་བོར་གནས་ཡོད།

རྡུལ་གྱི་དངོས་ཁམས་རིག་པ་སྨྲ་བ་ཚོས་ཆོས་གང་ཞིག་འགྲེལ་བརྗོད་བྱེད་པར་བརྟག་ཞིབ་བྱེད་པོའི་ལས་འགན་ལ་ནན་བཤད་བྱེད་ཀྱི་ཡོད། དཔེར་ན། ལྟ་ཚུལ་ངེས་ཅན་ཞིག་གི་ཐོག་ནས། འོད་ནི་རྡུལ་རྫས་ཡིན་པ་དང་། ཡང་ལྟ་ཚུལ་གཞན་ཞིག་གི་ཐོག་ནས། དེ་ནི་ནུས་པ་ཡིན། ཆོས་གང་ཞིག་ལ་འོད་དེ་ཡོད་པར་གྲུབ་པ་ནི་ཆོས་ཅན་མང་པོ་ཞིག་དང་། དམིགས་བསལ་བརྟག་ཞིབ་བྱེད་པོས་བརྟག་དཔྱད་བྱེད་པར་རྣམ་རྟོག་གི་སྒྲོམ་གཞི་གང་ཞིག་བེད་སྤྱོད་བྱེད་མིན་ལ་རག་ལུས་ཡོད། དེ་བས་ན། ཆོས་རྣམས་མཐོང་བའི་ཤེས་པ་ལ་འབྲེལ་བ་མེད་པར་རང་བཞིན་གྱིས་གྲུབ་པའམ་རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད།

ནང་ཆོས་ནས་ཀྱང་དེ་དང་གཅིག་མཚུངས་ཁས་ལེན་བྱེད་ཀྱི་ཡོད། ཆོས་རྣམས་གནས་པ་དེ་བརྟག་ཞིབ་བྱེད་པོར་རག་ལུས་པ་དང་དེ་དང་འབྲེལ་བའི་གང་ཟག་དེའི་རྣམ་རྟོག་གི་སྒྲོམ་གཞི་ལ་བརྟེན་ནས་ཡོད། དཔེར་ན། གནས་སྟངས་གང་ཞིག་ཁྲོད་ཧ་ཅང་མི་སྡུག་པའི་དཀའ་ངལ་ལམ་ཡང་ན་སེལ་རུང་བ་གང་ཡིན་ཀྱང་བརྟག་ཞིབ་བྱེད་མཁན་གྱི་འབྲེལ་ཡོད་གང་ཟག་ལ་རག་ལུས་ཡོད། གལ་སྲིད་མི་ཞིག་ལ། “དེ་ནི་མི་སྲིད་པའི་གནས་སྟངས་ཤིག་དང་གང་ཡང་བྱེད་མི་ཐུབ།” ཅེས་པའི་རྣམ་རྟོག་གི་སྒྲོམ་གཞི་ཡོད་ན། དེར་དངོས་གནས་སེལ་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་ཡོད། གང་ལྟར་སེམས་ནང་། “དེ་ནི་དཀའ་རྙོག་ཅན་ཞིག་ཡིན། འོན་ཀྱང་། གལ་ཏེ་ང་ཚོས་ཐབས་ལམ་མི་འདྲ་བ་ཞིག་གི་ཐོག་ནས་འཇུག་ན་སེལ་ཐབས་ཡོད།” ཅེས་པའི་བསམ་བློའི་སྒྲོམ་གཞི་ཞིག་གི་ཐོག་ནས་མི་དེར་དཀའ་ངལ་སེལ་ཐབས་ཐད་བློ་ཁ་ཡངས་པ་ཡོང་གི་ཡོད། མི་ཞིག་ལ་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དེ་མི་གཞན་ཞིག་ལ་དེ་ཙམ་གྱིས་དཀའ་ངལ་ཆེན་པོ་ཞིག་མ་ཡིན། དེ་ནི་བརྟག་ཞིབ་བྱེད་པོར་རག་ལུས་པ་དང་། ང་ཚོའི་དཀའ་ངལ་ལ་གཞིགས་ན་དེ་ནི་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་ལྟར་རང་བཞིན་གྱིས་གྲུབ་མེད། དེས་ན། ཚན་རིག་དང་ནང་ཆོས་གཉིས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་དེ་ལྟར་བརྟག་ཞིབ་བྱེད་པོར་རག་ལུས་པ་གཅིག་མཚུངས་སུ་མཇུག་སྡོམ་བརྒྱབ་ཡོད།

དེ་ག་ནང་བཞིན་དབང་རྩའི་ནད་རིགས་ཀྱི་སྨན་པ་དང་ནང་པའི་མཁས་དབང་གཉིས་ཀས་ཆོས་རྣམས་རྟེན་ཅིང་འབྲེལ་བའི་ཐོག་ནས་བྱུང་བར་དཔྱད་ཞིབ་བྱེད་ཀྱི་ཡོད། དཔེར་ན། དབང་རྩའི་ནད་རིགས་ཀྱི་སྨན་པ་རྣམས་ཀྱིས་ང་ཚོའི་ཐག་གཅོད་བྱེད་མཁན་གང་ཡིན་སྐོར་ལ་ཀླད་པའི་ནང་བརྟག་དཔྱད་བྱེད་པའི་སྐབས། ཀླད་པའི་ནང་ཐག་གཅོད་བྱེད་མཁན་ལོགས་སུ་མེད་པར་ཤེས་རྟོགས་བྱུང་ཡོད། ཀློག་ཀླད་ཀྱི་ངོས་སུ་ཤར་བ་ལྟར་མཐེབ་སྣོན་ཞིག་གནོན་གཙིར་བྱས་ཏེ་ཐག་གཅོད་བྱེད་པ་བཞིན། ལག་པས་འདི་བྱེད་པ་དང་། རྐང་པས་དེ་བྱེད་ཀྱི་རེད་ཅེས། མིག་དང་། རྣ་བ་སོཌ་ནས་གནས་ཚུལ་ལེན་མཁན་གྱི་ “བདག་” ཅེས་པའི་གང་ཟག་ཅིག་ཀླད་པའི་ནང་སྡོད་མཁན་གང་ཡང་མེད། ཐག་གཅོད་ནི་རྙོག་འཛིངས་ཆེ་བའི་དབང་རྩའི་གཡོ་འགུལ་གྱི་མ་ལག་ཧ་ཅང་མང་པོ་ཕན་ཚུན་འབྲེལ་མཐུད་བྱུང་བ་དང་རྫས་དང་གློག་གི་བརྒྱུད་རིམ་བཅས་ཀྱི་འབྲས་བུ་ཡིན། དེ་དག་མཉམ་དུ་ཐག་གཅོད་ཀྱི་འབྲས་བུ་ཞིག་སྐྲུན་གྱི་ཡོད། དེ་ཡང་ཐག་གཅོད་བྱེད་མཁན་འདི་རེད་ཅེས་ངོ་བོ་ལོཌ་སུ་ཡོང་གི་མེད། ནང་ཆོས་ཀྱིས་དེ་དང་གཅིག་མཚུངས་སུ། ང་ཚོའི་སེམས་ནང་སྡོད་མཁན་བདག་ཅེས་ཐག་གཅོད་བྱེད་པོ་རྟག་པ་དང་རྡོག་རྡོག་ཚུགས་ཐུབ་ཀྱིས་གྲུབ་པ་ཞིག་མེད་ཅེས་ནན་བཤད་བྱེད་པ་དང་། ཀུན་རྫོབ་ཏུ་ང་ཚོས། “ངས་འདི་མྱོང་གི་འདུག །ངས་དེ་བྱེད་ཀྱི་ཡོད།” ཅེས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་སུ་ཆ་རྐྱེན་མི་འདྲ་བ་མང་པོ་ཞིག་ཕན་ཚུན་འབྲེལ་བ་བྱུང་སྟེ་འབྲས་བུ་ཡོང་གི་ཡོད། ཚན་རིག་དང་ནང་ཆོས་གཉིས་དེའི་ཐོག་ནས་ལྟ་ཚུལ་ཧ་ཅང་འདྲ་པོ་ཡོད།

དྲི་བ་། དུས་ཚོད་གང་རེད་དམ། སློབ་ཕྲུག་ཅིག་གི་ངོས་ནས། ང་ཚོས་གཏམ་བཤད་ལ་དུས་ཚོད་ཏག་ཏག་སླེབས་དགོས་པ་དང་སློབ་སྦྱོང་ངམ་ང་ཚོའི་ལས་འགན་ལེགས་སྒྲུབ་བྱེད་པར་དུས་ཚོད་འདང་ངེས་ཤིག་དགོས་ཀྱི་ཡོད། མི་ཚེ་ལྷོད་ཡངས་དང་སྟབས་བདེ་རུ་བཟོ་ཕྱིར་ང་ཚོས་དུས་ཚོད་ཇི་ལྟར་ཤེས་རྟོགས་ཐུབ་བམ།

འབུམ་རམས་པ་བྷར་ཛིན། ནང་ཆོས་ཀྱིས་དུས་ཚོད་ནི། “འགྱུར་ལྡོག་གི་ཚད་མཇལ་བྱེད་” ཅིག་ལ་འགྲེལ་བརྗོད་བྱེད། ང་ཚོས་གཟའ་སྐར་གྱི་གཡོ་འགུལ་ནམ་ཉི་མའི་གནས་སྟངས་ལ་གཞིགས་ཏེ་འགྱུར་ལྡོག་ཚད་མཇལ་བ་དང་། སློབ་ཐུན་གཅིག་གི་ནང་ང་ཚོས་གཏམ་བཤད་ཐེངས་ག་ཚོད་ལ་བཅར་དགོས་མིན་ལ་གཞིགས་ཏེ་ཚད་མཇལ་ཐུབ། ང་ཚོས་ཐེངས་བཅུ་གཉིས་བཅར་ཟིན། ད་དུང་གཉིས་ལྷག་ཡོད་པའམ་ཡང་ན་གཟུཌ་པོའི་འཁོར་རྒྱུན་ཏེ། ཟླ་མཚན་གྱི་འཁོར་རྒྱུན་ལ་གཞིགས་ཏེ་ཚད་མཇལ་བ་དང་། ཡང་དབུཌ་ག་ཚོད་གཏོང་ལེན་བྱས་པའི་གྲངས་ལ་བརྟེན་ནས་ཚད་འཇལ་ཐུབ། དེ་དག་ནི་འགྱུར་ལྡོག་ལ་ཚད་མཇལ་བའི་ཐབས་ལམ་སྣ་ཚོགས་ཡོད་པ་དེ་དག་རེད། དེ་བས་དུས་ཚོད་ནི་འགྱུར་ལྡོག་གི་ཚད་འཇལ་བྱེད་ཙམ་ཞིག་རེད།

དུས་ཚོད་གནས་ཡོད། འོན་ཀྱང་ང་ཚོས་དེའི་ཐད་བསམ་བློ་གཏོང་སྟངས་ལ་བལྟས་ན། དུས་ཚོད་ཀྱིས་ང་ཚོར་ཤུགས་རྐྱེན་མི་འདྲ་བ་སྦྱིན་གྱི་ཡོད། དཔེར་ན། ང་ཚོའི་བསམ་པར། “ཡིག་ཚད་གཏོང་བར་ཉིན་གཅིག་ལས་ལྷག་མེད་བསམ་གྱི་ཡོད།” གང་ཡིན་ཞེ་ན། ང་ཚོས་དུས་ཚོད་ཀྱི་གྲངས་ཧ་ཅང་ཉུང་ཉུང་ཅིག་ཏུ་བསམ་བློ་བཏང་སྟེ། དུས་ཚོད་འདང་ངེས་མེད་སྟབས་བློ་འཚབ་ཡོང་གི་ཡོད། གལ་སྲིད་ང་ཚོས་ཕྱོགས་གཞན་ནས་བསམ་བློ་བཏང་ན། “ཆུ་ཚོད་ཉི་ཤུ་རྩ་བཞི་ལྷག་ཡོད།” དེ་ནས་གྲ་སྒྲིག་བྱེད་པར་དུས་ཚོད་འདང་ངེས་ཡོད་པ་ཚོར་གྱི་ཡོད། སེམས་ཁམས་རིག་པའི་ཐོག་ནས་བཤད་ན། དེ་ནི་ང་ཚོའི་ལྟ་ཕྱོགས་ལ་རག་ལུས་ཡོད། གལ་ཏེ་དུས་ཚོད་ནི་ཚུགས་ཐུབ་ཏུ་གྲུབ་པ་དང་བཙན་གནོན་བྱེད་མཁན་ཞིག་ཏུ་བརྩིས་པ་ན། དེས་ང་ཚོ་དབང་འོག་ཏུ་སྡུད་ནས་དུས་ཚོད་འདང་ངེས་ཤིག་ཡོང་མི་ཐུབ། གང་ལྟར་ང་ཚོར་དུས་ཚོད་ག་ཚོད་ཡོད་མེད་ཐོག་གུ་ཡངས་པོར་བལྟས་ན། མི་བདེ་བ་དང་བློ་འཚབ་འབྱུང་རྒྱུའི་ཚབ་ལ་ང་ཚོས་དུས་ཚོད་གནད་ལ་སྨིན་པ་ཞིག་བེད་སྤྱོད་གཏོང་ཐབས་བྱེད་ཐུབ།

དྲི་བ། ནང་ཆོས་ཀྱིས་གཏན་ཚིགས་རིག་པ་དང་རྒྱུ་མཚན་འགོད་པར་ནན་བཤད་བྱེད་ཀྱི་ཡོད། ཆོས་ལུགས་གཞན་ནང་ལྟར། བདེན་དཔང་མེད་པའི་དད་པ་དགོས་ངེས་ཐད་གནད་འགག་ཅིག་ཡོད་དམ།

ནང་ཆོས་ལ་དེ་དགོས་ཀྱི་མེད། དེ་ནི་གཞི་གྲུབ་ཀྱི་ཐོག་ནང་པའི་འགྲེལ་བཤད་ལས་ང་ཚོས་ཤེས་རྟོཌ་ཐུབ། གཞི་གང་གྲུབ་པ་ནི་གང་ཤེས་པའམ་རིག་པ་ལས་འགྲེལ་བརྗོད་བྱེད་ཐུབ། གལ་ཏེ་དེ་ཤེས་མི་ཐུབ་ན། དེ་གཞི་གྲུབ་མེད། དཔེར་ན། རི་བོང་གི་རྭ་དང་། རུས་སྦལ་གྱི་སྤུ། བྱའི་སོ་སོགས་ལྟ་བུ། ང་ཚོས་མིའི་སོ་བྱའི་ཐོག་ལ་བསམ་བློ་བཏང་ན། ང་ཚོས་བྱ་དེ་ལ་མིའི་སོ་ཡོད་པར་བསམ་བློའི་ནང་འཁོར་ཆོག །བྱ་དེ་ལ་སྒྲོ་བཏཌ་ཀྱི་རི་མོའི་སོ་ཞིག་བྲིས་ཡོད་པ་བསམས་ནའང་འགྲིགས། འོན་ཀྱང་ང་ཚོས་བྱ་དེའི་ཁའི་ནང་བྱ་སོ་ནམ་ཡང་མཐོང་མི་ཐུབ། གང་ལགས་ཞེ་ན། བྱ་སོ་གཞི་གྲུབ་མེད། དེ་ལྟར་ཡོད་པ་ཤེས་མི་ཐུབ་པས་གཞི་མ་གྲུབ་པ་རེད།

དེས་གང་གཞི་གྲུབ་པའི་ཆོས་ཚང་མ་ཤེས་རྟོགས་ཐུབ་པ་སྟོན་གྱི་ཡོད། མིང་སྨྲོས་ན། ཆོས་རྣམས་རྟོགས་པའི་ང་ཚོའི་སེམས་ཀྱི་བྱེད་ལས་ཁྲོད་ཚང་མ་གཏོགས་ཡོད། གསུང་རབ་ནང་ལྟོས་མེད་རང་རྐྱ་བ་ absolute རྣམས་སེམས་དང་བརྡ་ཡི་ཡུལ་ལས་འདས་པར་གསུངས་ཡོད། དང་པོ། ངས་དབྱིན་ཇིའི་ཚིག་ “absolute” ཞེས་པ་དེ་སྒྱུར་འདོད་མེད། གང་ཡིན་ཟེར་ན། དེ་ནི་ནམ་མཁར་གནས་པའི་དངོས་པོ་ཞིག་ལྟར། ང་ཚོ་ལས་འདས་པ་ཞེས་པའི་དོན་སྟོན་གྱི་འདུག །དེའི་ཚབ་ལ་ངས་ “ཆོས་རྣམས་ཀྱི་གཏིང་ཟབ་ཤོས་ཀྱི་བདེན་དོན་” the deepest fact about things ༼དོན་དམ་བདེན་པ་༽ ཞེས་སྒྱུར་འདོད་བྱུང་། ཆོས་རྣམས་ཀྱི་གཏིང་ཟབ་ཤོས་ཀྱི་བདེན་དོན་དེ་གཞི་གྲུབ་ཡོད། དེ་ནི་སེམས་དང་། རྟོག་པ། བརྡ་བཅས་ལས་འདས་པ་སྟེ། སྤྱིར་བཏང་ང་ཚོའི་ཆོས་རྣམས་རྟོགས་ཚུལ་ལས་འདས་པ་ཡིན། སྐད་ཡིག་དང་རྟོག་པས་ཆོས་རྣམས་དཀར་ནག་དབྱེ་འབྱེད་ཀྱིས་ཡང་དག་མ་དག་གི་ཐོག་ནས་གནས་པ་སྟོན་གྱི་ཡོད། མི་བཟང་པོ། མི་ངན་པ། གླེན་པ། རིག་རྩལ་ཕུལ་བྱུང་གི་མི་ཞེས་པའི་བརྡ་ཆད་བེད་སྤྱོད་བྱེད་པའི་ཤུགས་ཀྱི་བསྟན་དོན་ནི་ངོ་ཐོག་བྱས་ན་ཆོས་རྣམས་འགྲེལ་བརྗོད་ལེགས་པ་བྱས་པ་དང་རང་དབང་གྱི་སྡེ་ཚན་དེ་ལྟའི་ནང་གནས་ཡོད། “འདི་མི་ལྐུག་པ་རེད། ཁོས་གང་ཡང་འགྲིགས་པ་ཞིག་བྱེད་མི་ཐུབ།” ཅེས་པ་དང་། “འདི་མི་ཡག་པོ་རེད།” ཅེས་གནས་ལུགས་རྟོགས་པ་ནི་ཆོས་རྣམས་ཡང་དག་མ་དག་གི་སྡེ་ཚན་དུ་ཡིན་པ་མི་སྲིད་པའི་ལམ་ནས་རྣམ་རྟོག་གིས་ཡུལ་དུ་མེད་པར་རྟོགས་པ་དེ་ཡིན། ཆོས་རྣམས་ནི་དེ་ལས་གུ་ཡངས་པ་དང་ནུས་ཤུགས་ཆེ་བ་ཡོད། ད་ལྟ་མི་ཞིག་གིས་བྱ་བ་གང་ཡང་རུང་བ་ཞིག་བྱེད་མི་ཐུབ་ཀྱང། དེས་ཕོ་མོ་སུ་ཡིན་རུང་དབང་རྟུལ་ཁོ་ན་ཡིན་པའི་དོན་སྟོན་གྱི་མེད། དེ་འདྲའི་མི་དེ་རང་གི་གྲོགས་པོ་ཞིག་དང་། རང་གི་ཕ་མ་སོགས་སུ་ཡིན་ཀྱངསྲིད།

དེ་བས་ན། ང་ཚོས་སེམས་དང་བརྗོད་བྱེད་ཀྱི་སྒྲ་ལས་འདས་པའི་ཆོས་རྣམས་ཀྱི་གཏིང་ཟབ་ཤོས་ཀྱི་བདེན་པ་ཞེས་བརྗོད་དུས། ཆོས་རྣམས་རྟོག་པ་དང་སྒྲས་སྟོན་པ་བཞིན་གྲུབ་མེད་པར་གོ་བ་ཡིན། ང་ཚོའི་སེམས་ལ་དེ་རྟོགས་པའི་ནུས་པ་ལྡན་ཡོད།

ང་ཚོའི་སེམས་ཀྱི་ཆོས་ཅན་བྱེ་བྲག་པ་ཞིག་རྟོགས་མི་ཐུབ་པར་ང་ཚོས་དེ་དག་རྟོགས་ཐུབ་རྒྱུར་བདེན་དཔང་མེད་པའི་དད་པ་ཙམ་ལ་བརྟེན་དགོས་པ་དེ་ལྟར་མ་ཡིན། ནང་ཆོས་ནས་རྨོངས་དད་བྱེད་དགོས་ཞེས་ནམ་ཡང་དགོས་འདུན་སྟོན་གྱི་མེད། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱིས། “ངས་གང་བཤད་པ་དེ་ང་ལ་བརྩི་བཀུར་བྱ་ཕྱིར་ཁས་ལེན་མ་བྱོས། ཁྱེད་ཀྱིས་གསེར་ཉོ་བའི་སྐབས་བརྟག་དཔྱད་བྱེད་པ་བཞིན། རང་ངོས་ནས་བརྟག་དཔྱད་བྱེད་དགོས།” ཞེས་གསུངས། དེ་ནི་རྣམ་པ་ཐམས་ཅད་དུ་བདེན་པ་ཡིན།

གནད་དོན་བྱེ་བྲག་ཅིག་གི་རྒྱུ་མཚན་རིག་པ་ནི་ང་ཚོར་ལམ་སེང་གསལ་པོ་མེད་སྲིད། གང་ལྟར་ཡང་། ང་ཚོས་ཐོག་མར་གོ་རྟོགས་མ་ཐུབ་པའི་རྒྱུ་མཚན་གྱིས་ཁས་མི་ལེན་པ་བྱེད་ཀྱི་མེད། ང་ཚོས་ངང་རྒྱུད་རིང་པོས་སློབ་སྦྱོང་དང་བརྟག་དཔྱད་སོགས་བྱེད་པ་བརྒྱུད་སྔོན་མ་ཤེས་པའི་གནད་དོན་ཞིག་ཤེས་པར་བྱེད་ཐུབ།།

བགྲོ་གླེང་ཚོགས་འདུའི་ཡིག་འབེབས། སིངྒ་པུར། Singapore ཕྱི་ལོ་ ༡༩༨༨ ཟླ་ ༨། བྷར་ཛིན་དང་། ཨེ་ལེགས་ཛེན་ཌར། ཆོས་སྒྲོན། ཐུབ་བསྟན་ནས་བསྐྱར་ཞིབ་དང་། དངོས་པོའི་གནས་ལུགས་ལ་ཡུད་ཙམ་བལྟ་བ། ཨ་མི་ཏཱ་བྷ་ཆོས་ཚོགས། ཕྱི་ལོ་ ༡༩༩༩ ལོར་ཟུར་འདོན་ཞུས། དབྱིན་སྐད་ནས་ཚེ་རིང་ནོར་བུས་བསྒྱུར། ཨཱཙཱརྱ་གྲགས་པ་རྒྱ་མཚོས་རྩོམ་སྒྲིག་ཞུས།

Study Buddhism ཞེས་པའི་དྲ་བ་ལས་བཏུས།