དབུ་མ་ཐལ་རང་གཉིས་ཀྱི་བཞེད་མཚམས་གསལ་བའི་སྒྲོན་མེ་ཞེས་བྱ་བ།

དབུ་མ་ཐལ་རང་གཉིས་ཀྱི་བཞེད་མཚམས་གསལ་བའི་སྒྲོན་མེ་ཞེས་བྱ་བ།

༄༅། །འགྲོ་བའི་མོས་ཁམས་སྐར་ཚོགས་བཞིན་དུ་བཀྲ། །
མ་འདྲེས་གསལ་བར་ཡེ་ཤེས་སྤྱན་གྱིས་གཟིགས། །
ཇི་ལྟར་འཚམས་པར་ཐབས་མཁས་ཐུགས་རྗེ་ཅན། །
འདྲེན་མཆོག་ཐུབ་པའི་དབང་པོར་གུས་པས་འདུད། །

མི་ཤེས་རྨོངས་པས་འཁོར་བའི་གནས་སུ་འདྲེན། །
སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །
གནས་ལུགས་གཟིགས་པས་ཞི་བའི་བདེ་བར་འདྲེན། །
ཇི་བཞིན་འདོམས་མཁས་ཀླུ་སྒྲུབ་མཆོག་ལ་འདུད། །

ཀླུ་སྒྲུབ་ཐུགས་སྲས་དཔལ་ལྡན་ཟླ་བ་མཆོག །
གངས་ཅན་ཞིང་དུ་བསམ་བཞིན་སྐྱེ་བར་བཞེས། །
བློ་བཟང་གྲགས་པའི་ཞབས་ལ་གུས་བཏུད་ནས། །
དགོངས་དོན་ཅུང་ཟད་དབྱེ་ལ་སྤྲོ་དགས་འཇུག །

གསུང་གི་ཚིག་རིས་ཙམ་གྱིས་མ་ཚིམས་པར། །
དོན་གྱི་གལ་འགངས་ཟབ་མོའི་ཚུལ་ལ་བརྟེན། །
དྲི་མེད་ཡང་དག་རིགས་པས་སྲང་ལ་གཞལ། །
ཐལ་རང་ལྟ་བ་མ་འདྲེས་གསལ་བར་འབྱེད། །

ཕྱོགས་ལྷུང་རབ་རིབ་སྐྱོན་གྱིས་མ་སྒྲིབ་པར། །
དྲི་མེད་རྣམ་དག་རིགས་པའི་ལམ་ནས་དྲངས། །
ཡིད་ཆེས་གསུང་གི་ལེགས་བཤད་དཔང་དུ་བཞག །
ཇི་བཞིན་ཤེས་འདོད་དག་ནི་འཇུག་པར་རིགས། །

ཞེས་སྐྱབས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པའི་ཚིག་གི་མེ་ཏོག་གིས་སྔུན་བསུས་ཏེ། འདིར་གང་བཤད་པར་བྱ་བ་ནི། ཆོས་གྲོགས་མཁན་པོ་ཁེར་རྐྱང་སེར་པོ་དང་། མཁན་པོ་རིག་པའི་རྡོ་རྗེ་རྣམ་པ་གཉིས་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་གུས་ལ་དྲི་བ་དང་། ལན་འདེབས་གནང་བ་ལ་བཀའ་དྲིན་སྙིང་དབུས་ནས་ཆེ་ཆེ་ཞུ། སླར་ཡང་རང་ཉིད་མེ་ཏོག་གང་ལ་ཕོག་ལྷ་སྐལ་ཡབ་རྗེ་བླ་མའི་རིང་ལུགས་དང་དང་འབྲེལ་ནས་རྨོངས་འཆར་དྲུག་ནི་གང་བཤད་པར་བྱའི་ཆོས་སོ། །དེ་ཡང་དང་པོ། རྗེའི་རྟེན་འབྲེལ་ཟབ་ཅིང་ཕྲ་མོར་གསུངས་པའི་ཁུངས་བསྟན་པ་དང་། གཉིས་པ། དབུ་མ་རང་རྒྱུད་པས་རང་མཚན་ཞལ་གྱིས་བཞེད་པའི་ཁུངས་བསྟན་པ་དང་། གསུམ་པ། རང་རྒྱུད་པ་དག་གིས་རང་མཚན་མི་འདོད་པ་ལ་གནོད་བྱེད་བསྟན་པ་དང་། བཞི་པ། སྟོང་ཉིད་མེད་དགག་ཡིན་པའི་ཁུངས་བསྟན་པ་དང་། ལྔ་པ། མིང་རྐྱང་བཏགས་ཡོད་ཙམ་ལ་ཐ་སྙད་དུ་གདགས་གཞི་བཏགས་ཆོས་བཞེད་ཚུལ་བསྟན་པ་དང་། དྲུག་པ། ལེགས་ལྡན་ཡབ་སྲས་ཀྱིས་ཡིད་ཀྱི་རྣམ་ཤེས་ཐ་སྙད་དུ་གང་ཟག་མི་འདོད་པ་ལ་འགལ་འདུའི་ཕུང་པོ་གསལ་བར་བསྟན་པ་དང་དྲུག་གོ །

དང་པོ་རྟེན་འབྲེལ་ཕྲ་མོའི་རྣམ་གཞག་བསྟན་པའི་ལུང་ལྔ་ནི།

༡༽ ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཁམས་ལ་མཁས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྲ་མོ་ཤེས་པས་རབ་ཏུ་འབྱེད་པར་འགྱུར་རོ། །ཞེས་དང་།
༢༽ ཡང་མདོ་དེ་ཉིད་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཕྲ་བ་ཁོང་དུ་ཆུད་པས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཐོབ་པར་འགྱུར་རོ། །ཞེས་གསུངས།
༣༽ མདོ་དེ་ཉིད་ལས། གང་རྟེན་ནས་འབྱུང་བའི་ཆོས་དེ་གང་ཞེ་ན། གང་རྟེན་ཏེ་བྱུང་བ་ནི་མ་སྐྱེས་པ་སྟེ་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ཆོས་དེ་གང་ཡང་མེད་དེ། གཞན་དུ་ན་བསྟན་པ་ཙམ་དང་། ཐ་སྙད་ཙམ་དང་། བཏགས་པ་ཙམ་དང་། བརྡ་ཙམ་​དང་། དོན་དམ་པར་མངོན་པར་བྱེད་པ་ཙམ་ནི་མེད་པ་མ་ཡིན་ནོ་སྙམ་མོ། །འདི་ནི་སྟོན་པ་པོའི་ཆོས་ཡང་དག་པར་འཛིན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པའི་སྙིང་པོ་ལགས་སོ། ། ཞེས་གསུངས།
༤༽ གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བལྟ་དཀའ་ཞིང་རྟོགས་པར་དཀའ་བ་ལ་ཞུགས་པ། ཆད་པ་དང་། རྟག་པའི་མཐའ་གཉི་ག་དང་། ལྟ་བར་གྱུར་པ་ཐམས་ཅད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་བཅད་པ། ཞེས་གསུངས།

༥༽ དབུ་མ་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། ། དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས།

གཉིས་པ་ལེགས་ལྡན་ཡབ་སྲས་ཀྱིས་རང་མཚན་བཞེད་པའི་ལུང་ལྔ་ནི།

 

༡༽ དབུ་མ་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བ་ལས། འདིར་གཞན་དག་གིས་བརྒལ་བ་ཁྱེད་ཅག་གི་སྟོན་པའི་ཚིག་ལས་འདི་སྐད་ཅེས། ཀྱེ་བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་དག་གོ་ཞེས་བྱ་བ་དང་། དེ་བཞིན་དུ་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ་ཞེས་བྱ་བ་ལ་སོགས་པ་འབྱུང་ལ། ཁྱེད་ཀྱིས་ཀྱང་དེ་ཁས་བླངས་ནས་དེ་ཉིད་འགོག་པར་བྱེད་ན་ཁས་བླངས་པས་གནོད་དོ། །དེ་བཞིན་དུ་ཡུལ་སོ་སོར་ངེས་པ་ལ་འཇུག་པ་ཉིད་ནི་དབང་པོ་རྣམས་ཀྱི་མངོན་སུམ་ཡིན་པར་གྲགས་ཏེ། མཐོང་བ་ལས་ལྷག་པའི་ཚད་མ་གཞན་མེད་ལ། ཁྱེད་དང་ཉིད་ཀྱི་མིག་གིས་ཀྱང་འབྱུང་བའི་དབྱིབས་དང་གཟུགས་དག་མཐོང་ཞིང་དེའི་ངོ་བོ་ཉིད་ཀྱི་རེག་པ་རྩུབ་པ་དག་ཀྱང་ཚོལ་ལ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་པ་འཇིག་རྟེན་པ་ཐམས་ཅད་ཀྱང་ཉེ་བར་གཟུང་བ་ཡོད་བཞིན་དུ་དེ་དག་འགོག་པ་ལ་མངོན་སུམ་གྱིས་ཀྱང་གནོད་དོ། །དེ་ལྟར་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དངོས་པོའི་ངོ་བོ་ཉིད་གསལ་བར་བྱེད་པས་གྲགས་པས་ཀྱང་གནོད་དོ་ཞེ་ན།
བཤད་པར་བྱ་སྟེ་དོན་དམ་པར་ཞེས་དམ་བཅས་པའི་ཁྱད་པར་ཡོད་པའི་ཕྱིར་ཁས་བླངས་པ་དང་མངོན་སུམ་དང་གྲགས་པའི་གནོད་པ་མེད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་བཀའ་སྩལ་པ། དེ་ལ་ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། མཚན་ཉིད་རྣམ་པར་གཞག་པ་ཡང་མཛད་ལ། དོན་དམ་པར་ནི་ངོ་བོ་ཉིད་མེད་པར་གསུངས་ཏེ། ཞེས་གསུངས།
༢༽ དབུ་མ་ལ་འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་དང་། དེའི་རང་འགྲེལ་ལས། འདིར་སྨྲས་པ། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་དགག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་དོ། ། ཞེས་གསུངས་སོ། །
༣༽ དབུ་མ་སྙིང་པོ་ལས། ཇི་ལྟར་བུམ་པ་བུམ་པ་ཡི། །ངོ་བོ་ཉིད་འགགས་མི་སྐྱེ་བ། །དེ་ལྟར་འཇིམ་གོང་འདོད་ན་ནི། །འདོད་པ་ཉིད་དུ་སྒྲུབ་པ་ཡིན། ། ཞེས་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་ལས། གལ་ཏེ་ངོ་བོ་ཉིད་གང་གིས་འགགས་པར་གྱུར་པའི་ངོ་བོ་ཉིད་ཀྱིས་ཀྱང་མི་སྐྱེ་བར་འདོད་མོད་ཀྱི། འོན་ཀྱང་དེ་ལས་བུམ་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྒྱུན་གཞན་སྐྱེ་བ་ཡོད་པ་ཁོ་ནར་འདོད་ན་ནི་ཀུན་རྫོབ་ཏུ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ལ། དོན་དམ་པར་ཡང་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར་ཁོ་བོའི་འདོད་པ་ཉིད་སྒྲུབ་པ་ཡིན་ནོ། ། ཞེས་གསུངས།
༤༽ དབུ་མ་ལ་འཇུག་པའི་མཇུག་ཏུ། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། ། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་དང་། དེའི་རང་འགྲེལ་ལས། ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་གསུངས།
༥༽ བདེན་གཉིས་རང་འགྲེལ་ལས། གཞན་གྱིས་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱི་མར་འདོད་གང་ཡིན་པ། །གཞན་གྱི་ཆུང་མར་ཡང་འདོད་བཞིན། །ཞེས་གསུངས།

ཞི་འཚོ་ཡབ་སྲས་ཀྱིས་རང་མཚན་བཞེད་པའི་ལུང་ལྔ་ནི།

༡༽ དབུ་མ་རྒྱན་ལས། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་པ་ཉིད་མཚན་ཉིད་​འཛིན། །གལ་ཏེ་འདི་དག་དོན་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །ཞེས་དང་། དེའི་རང་འགྲེལ་ལས། གལ་ཏེ་རྣམ་པ་དེ་ལྟར་གཞན་གྱིས་མ་བཅོས་པའི་དངོས་པོ་ཐམས་ཅད་ངོ་བོ་ངེས་པར་འཛིན་པར་འདོད་ན་དེ་ལ་ཁོ་བོས་དགག་ཏུ་ཅི་ཡོད། །ཅེས་གསུངས།
༢༽ ཡང་དབུ་མ་རྒྱན་ལས། མ་བརྟགས་གཅིག་​པུའི་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱིས། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། ། ཞེས་དང་། དེའི་རང་འགྲེལ་ལས། ཀུན་རྫོབ་ནི་སྒྲའི་ཐ་སྙད་ཙམ་གྱིས་བདག་ཉིད་མ་ཡིན་གྱི། མཐོང་བ་དང་འདོད་པའི་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་བརྟག་མི་བཟོད་པས་​ཡང་དག་པའི་ཀུན་རྫོབ་སྟེ། གདགས་པ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་དེ་ལྟ་བུར་བྱས་པའི་བརྡ་དག་གིས་ཐ་སྙད་འདོགས་པར་བྱེད་པ་ན་དེའི་ཕྱིར་དོན་བྱེད་པ་དང་ཅིའི་ཕྱིར་འགལ། ཞེས་གསུངས།
༣༽ ཡང་དབུ་མ་རྒྱན་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བ། །​གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་བའི་གནས་མེད་དོ། །ཞེས་དང་། དེའི་རང་འགྲེལ་ལས། ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་དུ་ཟིན་ན། འཇིག་རྟེན་མཐའ་དག་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་ཏེ། དེའི་ཕྱིར་མཐོང་བ་དང་། ཐོས་པ་དང་། ​བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་སོགས་པ་མེད་པས་འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་ལ་སོགས་པ་རྣམ་པར་གཞག་པ་གྲུབ་པའི་མཐའ་དང་མི་འགལ་བ་ཇི་ལྟར་སྦྱར་ཞེ་ན། ཞེས་རྩོད།
དེའི་ལན་དུ། བྱིས་པའི་གནས་སྐབས་ནས་བཟུང་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་​ཀྱི་བར་དུ་མྱོང་བ་གང་མ་བརྟགས་གཅིག་པུ་ན་ཡིད་དུ་འོང་བའི་རང་བཞིན་ལ་ནི་ཁོ་བོས་བཀག་པ་མེད་དེ། ཡང་དག་པར་ན་འབྲས་བུ་སྔ་ན་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་སྨྲ་བ་སེར་སྐྱ་པ་ལ་སོགས་པར་བརྟགས་པ་གང་ཡིན་པ་དེ་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་​རང་བཞིན་མེད་པར་སྨྲ་བ་འདི་ནི་སྟོང་པ་ཉིད་ཀྱི་དོན་ལོག་པར་མཐོང་བ་མ་ཡིན་ནོ། །ཞེས་གསུངས།
༤༽ དབུ་མ་སྣང་བ་ལས། ཀུན་རྫོབ་ཀྱི་ངོ་བོ་ཡང་སྟོན་པ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་མ་ཡིན་ནོ། །མཚན་ཉིད་མེད་པའི་ངོ་བོ་ཉིད་ནི་འགའ་ཡང་རིགས་པ་མ་ཡིན་ཏེ། ཇི་སྐད་དུ། མཚན་ཉིད་མེད་པའི་དངོས་​​པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །ཞེས་གསུངས།

༥༽ ཡང་དབུ་མ་སྣང་བ་ལས། ཐ་སྙད་ཀྱི་སྒོ་ནས་གཅིག་དང་དུ་མའི་ངོ་བོ་དག་གིས་ངོ་བོ་ཉིད་དང་བཅས་པ་ཙམ་ལ་ཁྱབ་མོད་ཀྱི། འོན་ཀྱང་དེ་ལས་དོན་​དམ་པའི་ངོ་བོ་ཉིད་དུ་ངེས་པ་ནི་མ་ཡིན་ཏེ། བུམ་པ་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་ཅན་ཀུན་རྫོབ་པ་ཡང་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །

གསུམ་པ་རང་རྒྱུད་པ་དག་གིས་རང་མཚན་མི་འདོད་པ་ལ་གནོད་བྱེད་ལྔ་ནི།

གལ་ཏེ་རང་རྒྱུད་པ་དག་གིས་རང་མཚན་མི་བཞེད་ན་གནོད་བྱེད་ཀྱི་ཐལ་འགྱུར་ལྔ་སྟེ། ཐལ་འགྱུར་དང་པོ་ནི། སློབ་དཔོན་ལེགས་ལྡན་ཆོས་ཅན། སེམས་ཙམ་པས་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དེ་མདོ་སྡེ་དགོངས་འགྲེལ་ལས་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་དུ་བཤད་པ་བཀག་པར་མི་རིགས་པར་ཐལ། ཀུན་བཏགས་དེ་ནི་དོན་དམ་དུ་མ་ཟད་ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པ་ནི་ཁྱེད་ཅག་གཉིས་ཀ་ཀུན་ནས་མཚུངས་ཡིན་པའི་ཕྱིར་རོ། །

ཐལ་འགྱུར་གཉིས་པ་ནི། དེ་ཆོས་ཅན། ཁྱོད་ཀྱིས་སེམས་ཙམ་པ་ལ་ཐག་ཁྲ་ལ་སྦྲུལ་བཏགས་པར་རང་གི་མཚན་ཉིད་ཀྱིས་མེད་ཀྱང་ཐ་སྙད་དུ་སྦྲུལ་འཁྱིལ་ལ་སྦྲུལ་ཡོད་པ་ལྟར་བདག་གཉིས་ལྟ་བུ་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མེད་ཀྱང་ཀུན་བཏགས་ཐམས་ཅད་མཚན་ཉིད་ངོ་བོ་ཉིད་མེད་པ་མ་ཡིན་ཞེས་བཀག་པར་མི་རིགས་པར་ཐལ། ཀུན་བཏགས་ཐམས་ཅད་ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པ་ནི་ཁྱེད་ཅག་གཉིས་ཀ་ཀུན་ནས་མཚུངས་ཡིན་པའི་ཕྱིར་རོ། །

ཐལ་འགྱུར་གསུམ་པ་ནི། དེ་ཆོས་ཅན། ཁྱོད་ཀྱིས་གཞི་བདེན་པ་གཉིས་ལས་བདེན་པ་གཅིག་ཁོ་ན་ཟད་པར་ཐལ། དོན་དམ་པར་གཞན་སྐྱེ་མེད་པ་མ་ཟད་ཀུན་རྫོབ་ཏུ་ཡང་གཞན་སྐྱེ་མེད་པའི་ཕྱིར་རོ་ཞེས་ཐལ་བར་འཕེན་པར་མི་རིགས་པར་ཐལ། ཀུན་རྫོབ་ཏུ་གཞན་སྐྱེ་མེད་པར་སྨྲ་བའི་ཕྱིར་རོ། །
ཐལ་འགྱུར་བཞི་པ་ནི། དཔལ་ལྡན་ཟླ་བས། ཉན་ཐོས་སྡེ་བས་གང་དོན་དམ་པར་འདོད་པ་དེ། དབུ་མ་པ་ལེགས་ལྡན་ཁྱོད་ཀྱིས་ཀུན་རྫོབ་ཏུ་ཁས་ལེན་མི་རིགས་སོ་ཞེས་བཀག་པར་མི་འཐད་པར་ཐལ། ཟླ་བ་དང་ལེགས་ལྡན་གཉིས་ཀ་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མེད་མཚུངས་དང་། ཀུན་རྫོབ་ཏུ་ཡོད་མཚུངས་སྨྲ་བར་ཀུན་ནས་མཚུངས་པའི་ཕྱིར་རོ། །
ཐལ་འགྱུར་ལྔ་པ་ནི། ཟླ་བས་བསྟན་བཅོས་གཞན་ན་སྟོང་པ་ཉིད་ཀྱི་ཆོས་འདི་མེད་དོ་ཞེས་ཐུན་མོང་མ་ཡིན་པའི་བཤད་པར་མཛད་པར་མི་རིགས་པར་ཐལ། ཁྱོད་ཀྱིས་ཕྱོགས་སྔ་སྨྲ་བ་ལེགས་ལྡན་གྱི་དབུ་མ་སྙིང་པོའི་རྩ་འགྲེལ་སོགས་གཞུང་གཞན་ལས་ཀྱང་སྟོང་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །

བཞི་པ་ལ་སྟོང་པ་ཉིད་མེད་དགག་ཡིན་པའི་ཤེས་བྱེད་མདོ་ལུང་ལྔ།

༡༽ རྒྱལ་བའི་ཡུམ་བར་མ་ཉི་ཁྲི་པོད་ང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི་གཟུགས་ལ་སྤྱོད་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་གསུངས།
༢༽ རབ་རྩལ་གནམ་གནོན་གྱིས་ཞུས་པའི་མདོ་ལས། རྣམ་པར་ཤེས་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་དམིགས་པ་ཐམས་ཅད་རབ་ཏུ་དབེན་པར་ཤེས་པའི་ཕྱིར་རོ། །ཞེས་གསུངས།
༣༽ འཕགས་པ་ལང་ཀར་གཤེགས་པ་ལས། བདག་གི་སེམས་སྣང་བ་མེད་པ་ཙམ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་རྗེས་སུ་ཐོབ་པ་སྐྱེ་བ་དང་། ཞེས་གསུངས།
༤༽ མདོ་སྡེ་དགོངས་འགྲེལ་ལས། དཔེར་ན། ནམ་མཁའི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱ་སྟེ། ཞེས་གསུངས།
༥༽ མདོ་སྡེ་དགོངས་འགྲེལ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར། ཞེས་གསུངས་སོ། །

སྟོང་པ་ཉིད་མེད་དགག་ཡིན་པའི་ཤེས་བྱེད་བསྟན་བཅོས་ཀྱི་ལུང་ལྔ།

༡༽ འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ལས། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་མིན་ཞེས་མ་བརྗོད་བཞིན། །ཞེས་གསུངས།
༢༽ ཚིག་གསལ་ལས། གལ་ཏེ་བདག་ལས་སྐྱེ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བར་ངེས་པར་གཟུང་བ་ན། གཞན་ལས་སྐྱེའོ་ཞེས་མི་འདོད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར་དང་། གཞན་ལས་སྐྱེ་བ་ཡང་འགོག་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས།
༣༽ འཇུག་པའི་འགྲེལ་བཤད་ལས། དབུ་མ་རྩ་བའི་ཤེས་རབ་ཀྱི་བཤད་པ་ཚིག་དོན་​གསལ་བ་ལས། གལ་ཏེ་དངོས་པོ་རྣམས་བདག་ལ་མི་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་ངེས་གཟུང་དུ་བྱེད་ན་གཞན་ལས་སྐྱེ་བ་ཡིན་པར་མི་འདོད་ཀྱང་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། མེད་པར་དགག་པ་བརྗོད་པར་འདོད་པ་དང་། གཞན་ལས་སྐྱེ་བ་འགོགས་པར་འགྱུར་བས་སོ། །ཞེས་གསུངས།
༤༽ ཤེས་རབ་སྒྲོན་མ་ལས། བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་ལྟ་བར་བྱ་སྟེ། ​དགག་པ་གཙོ་ཆེ་བའི་ཕྱིར་དང་། འདི་ལྟར་རྟོགས་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱའི་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ། ། མ་ཡིན་པར་དགག་པ་ཡོངས་སུ་བཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་སྒྲུབ་པས་སྐྱེ་བ་​​མེད་པ་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་རོ། །ཞེས་གསུངས།

༥༽ འགྲེལ་བཤད་སྤྱན་རས་གཟིགས་རྟུལ་ཞུགས་ལས། ཁོ་བོས་མེད་པར་དགག་པའི་ཚུལ་གྱིས་གཟུགས་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་གི་དངོས་པོ་ཡོད་པ་ཉིད་དགག་པ་བྱས་པར་ཟད་ཀྱི། མ་ཡིན་པར་དགག་པའི་ཚུལ་གྱིས་གཟུགས་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་མེད་པར་མ་བསྟན་ནོ། །ཞེས་གསུངས་སོ། །
ལྔ་པ་གདགས་གཞིའི་རྣམ་གཞག་ཐུན་མོང་མ་ཡིན་པ་ནི། རྗེའི་དབུ་མ་དགོངས་པ་རབ་གསལ་གྱི་མཐའ་བཞིའི་སྐྱེ་བར་བཀག་པའི་དོན་བསྡུས་ཀྱི་སྐབས་ལས། གལ་ཏེ་བུམ་པ་ལ་སོགས་པར་གདགས་པའི་རྟེན་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་ལ་སོགས་པ་རྣམས་རྫས་གྲུབ་ཏུ་ཡོད་པའི་ཕྱིར། བུམ་པ་ལ་སོགས་པར་བཏགས་པ་ནི་རྒྱུའམ་གཞི་དང་བཅས་པར་རིགས་ན་དབུ་མ་པ་ལྟར་ན་ཆོས་ཐམས་ཅད་བཏགས་པ་ཙམ་ཁོ་ན་ཡིན་གྱི། བཏགས་པའི་རྟེན་རྫས་སུ་གྲུབ་པ་ཅི་ཡང་མེད་པ་ལ་མོ་གཤམ་གྱི་བུ་དང་འདྲ་བར་ཐལ་བ་ལྡོག་པ་མེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། བཏགས་པའི་རྟེན་རྫས་སུ་གྲུབ་པར་སྒྲུབ་པར་མི་ནུས་པའི་ཕྱིར་རོ། ། དཔེར་ན། ༡༽ བཏགས་པར་ཡོད་པ་བྱད་བཞིན་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་གཟུགས་བརྙན་བརྟགས་པ་ཙམ་དམིགས་པ་དང༌། ༢༽ བཏགས་པར་ཡོད་པ་ཀ་བ་སོགས་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང༌། ༣༽ དེ་བཞིན་དུ་ཤིང་གི་རྟེན་ཅན་ནགས་བཏགས་པ་དང༌། ༤༽ ཇི་ལྟར་རྨི་ལམ་ན་མ་སྐྱེས་པའི་རང་བཞིན་ཅན་གྱི་ས་བོན་ལས་མ་སྐྱེས་པའི་རང་བཞིན་གྱི་མྱུ་གུ་སྐྱེ་བར་དམིགས་པ་དེ་བཞིན་དུ་དངོས་པོ་བཏགས་པར་ཡོད་པ་ཐམས་ཅད་ཀྱི་གདགས་གཞི་ཡང་དངོས་པོ་བཏགས་པར་ཡོད་ཉིད་དུ་རིགས་སོ། །

ཞེས་རང་སྡེ་དངོས་པོར་སྨྲ་བ་དག་ན་རེ། བཏགས་ཡོད་ཀྱི་དངོས་པོ་རྣམས་ལ་རང་རྐྱ་ཐུབ་པའི་རྫས་ཡོད་རེ་གདགས་གཞི་ངེས་པར་དགོས་པས། དེ་ཕྱིར་འབྱུང་བ་འབྱུང་འགྱུར་ལ་སོགས་པའི་གདགས་གཞི་རྫས་ཡོད་ལ་བུམ་སོགས་བཏགས་ཡོད་བཏགས་པར་རིགས་ཤིང་དེ་ལྟར་འདོད་ཀྱང་དགོས་ལ། གཞན་དུ་དབུ་མ་པ་ཁྱོད་ལྟར་ན་གདགས་གཞི་རྫས་སུ་གྲུབ་པ་གཏན་ནས་མེད་པ་ལ་བཏགས་པ་ནི་ཐག་ཁྲ་ལ་སྦྲུལ་དུ་བཏགས་པ་བཞིན་བཏགས་ཡོད་མི་རིགས་སོ་ཞེས་རྩོད་དོ། །

དེ་ལ་གདགས་གཞི་རྫས་སུ་གྲུབ་པའི་རང་བཞིན་ལ་བཅོས་མའི་བཏགས་ཡོད་བཏགས་པར་མི་རིགས་ཤིང་། བཅོས་མའི་གདགས་གཞི་ལ་གློར་བུར་བཅོས་ནས་བཏགས་པའི་ཚུལ་ཆེས་རྨད་དུ་བྱུང་བའི་དཔེ་རྣམ་པ་བཞི་ནི། རྒྱུ་རྐྱེན་ཚོགས་པ་ལ་འབྲས་བུ་བཏགས་པ་དང་། རིགས་མཐུན་བསགས་པ་ལ་ཆ་ཅན་བཏགས་པ་དང་། རིགས་མི་མཐུན་འདུས་པ་ལ་ཚོགས་པ་བཏགས་པ་དང་། རྟོག་སྣང་འཁྲུལ་བས་གཟུགས་བརྙན་བཏགས་པ་དང་བཞིའོ། ། དང་པོ་ནི། གདགས་གཞི་བཏགས་ཡོད་བྱད་བཞིན་དང་མེ་ལོང་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་འབྲས་བུ་བྱད་བཞིན་གྱི་གཟུགས་བརྙན་བརྟགས་པ་ལྟ་བུའོ། །འདིས་བྱད་བཞིན་དེ་བྱད་བཞིན་གྱི་གཟུགས་བརྙན་གྱི་གདགས་གཞི་ཡིན་པར་ཆེས་གསལ་བར་གསུངས་སོ། །ཚུལ་འདི་ནི་ལུགས་མཆོག་དམ་པ་འདིའི་ཐུན་མོང་མ་ཡིན་པའི་གདགས་གཞི་བཏགས་ཆོས་ཀྱི་ཟབ་གནད་དམིགས་བསལ་ཅན་ཞིག་ཡིན་ན་ཡང་འདི་ཉིད་ཐུགས་རྟོགས་ཆུད་མཁན་ནི་དེང་ཆེས་ཉུང་བར་སྣང་ངོ་། །འོན་ཀྱང་འདི་ལ་ཡང་ཡང་བརྟགས་ཤིང་དཔྱད་ན་གདགས་གཞི་བཏགས་ཆོས་ཀྱང་རྟེན་འབྱུང་ཕྲ་རགས་བཞིན་དུ་རྣམ་གྲངས་དུ་མ་ཡོད་པ་ལས་བདག་དང་ཕུང་པོ་ལྟ་བུའི་ངོ་བོ་གཅིག་པའི་གདགས་གཞི་བཏགས་ཆོས་ཟད་པ་མིན་པར་བདེ་བླག་ཏུ་ཤེས་པར་འགྱུར་ཞིང་། ཁྱད་པར་གཞུང་འདིར་གདགས་གཞི་བཏགས་ཆོས་རྣམ་བཞི་གསུངས་པ་འདི་ནི་ཧ་ཅང་གལ་གནད་ཆེ་བར་སྣང་བས་ཁོ་བོས་ཀྱང་གདགས་གཞི་བཞི་པོའི་མིང་དང་བཅས་དམིགས་བསལ་རྩལ་དུ་བཏོན་ནས་སྤྲོས་བཤད་བགྱིས་པ་ལགས་སོ། །

གཉིས་པ་ནི། གདགས་གཞི་བཏགས་པར་ཡོད་པ་ཀ་དང་གདུང་མ་ལ་སོགས་པའི་ཤིང་དང་། གྱང་དང་རྩིག་པ་ལ་སོགས་པའི་ས་རྡོ་དང་། སྟེང་འོག་གི་ཆ་ཤས་ལ་སོགས་རྟེན་གཅིག་ལ་འདུས་ཤིང་བསགས་པ་ལ་ཁང་པ་དང་ཁྱིམ་ཞེས་གདགས་གཞི་བཏགས་ཡོད་ལ་བཏགས་ཆོས་བཏགས་ཡོད་འཇོག་པ་ལྟ་བུའོ། །འདི་ནི་ཤིང་རྟའི་ཡན་ལག་འཕང་ལོ་དང་རྩིབས་དང་གཟེར་མ་སོགས་ལ་ཤིང་རྟ་བཏགས་པ་དང་། གང་ཟག་གི་མགོ་དང་རྐང་ལག་སོགས་ལ་གང་ཟག་ཏུ་བཏགས་པ་ལྟ་བུ་སྟེ་བཏགས་ལུགས་འདི་ནི། ཇི་སྐད་དུ་མཛོད་ཀྱི་ཉེར་མཁོ་རྒྱ་ཆེར་འགྲེལ་དུ་དྲངས་པ་དགེ་སློང་མ་དགྲ་བཅོམ་བྲག་གི་འདུལ་བའི་ལུང་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པ་ལ་བརྟེན་ནས་རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་མགྲིན་དབྱངས་གཅིག་ཏུ་གང་ཟག་ཅེས་བྱ་བ་གདགས་གཞི་ཕུང་པོ་ལས་དོན་གཞན་དུ་ཡོད་པ་བཀག་ནས་ཕུང་པོ་ལ་བཏགས་པའི་བཏགས་ཡོད་ཙམ་དུ་འདོད་ཅིང་། དེ་ཡང་གདགས་གཞི་ཕུང་པོ་སྐྱེ་གནས་འཇིག་པ་ལས་ལོགས་སུ་བཏགས་ཆོས་གང་ཟག་ཀྱང་སྐྱེ་གནས་འཇིག་གསུམ་མེད་པས་བདག་དང་ཕུང་པོ་མཚན་ཉིད་གཅིག་པ་དང་རྫས་གཅིག་ཏུ་བཞེད་དོ། །

གསུམ་པ་ནི། ཤ་ཤུག་དང་། ཙན་དན་དང་སེང་ལྡེང་ལ་སོགས་ཤིང་རིགས་སྣ་ཚོགས་ཕྱོགས་གཅིག་ཏུ་འདུས་པ་ལ་ནགས་ཚལ་ཞེས་པ་དང་། རྐང་དང་། རྟ་དང་། གླང་དང་། ཤིང་རྟའི་དམག་བཞི་ཕྱོགས་གཅིག་ཏུ་འདུས་པ་ལ་དཔུང་ཚོགས་ཡན་ལག་བཞི་པའི་དམག་ཅེས་པ་དང་། གྲོས་ཚོགས་དང་། བཀའ་ཤག་དང་། ཁྲིམས་ཞིབ་ལྷན་ཚོགས་བཅས་ལ་དམངས་གཙོ་ཀ་བ་གསུམ་ཞེས་པ་ལྟ་བུ་རྣམས་ནི་རིགས་མི་མཐུན་དུ་མ་ཕྱོགས་གཅིག་ཏུ་འདུས་ཤིང་ཚོགས་པ་ལ་ནགས་ཚལ་དང་དམག་དང་དམངས་གཙོ་ཀ་བ་གསུམ་ཞེས་བཏགས་པ་འདི་ནི། རྟེན་གཅིག་ལ་བསགས་པའི་རྐང་ལག་སོགས་ལ་གང་ཟག་ཅེས་པ་དང་། ལྟོ་ལྡིར་ཞབས་ཞུམ་སོགས་ལ་བུམ་པ་བཏགས་པ་དང་ཅུང་མཚུངས་པ་མ་ཡིན་ཏེ། དྲང་ངེས་རྣམ་འབྱེད་ལས། དམག་དང་ནགས་ཚལ་ལ་སོགས་པ་རིགས་ཐ་དད་ལ་བརྟེན་པ་ནི་འདུས་པ་ཡིན་ལ་དེ་རྫས་སུ་མེད་ཀྱང་། རྟེན་གཅིག་ལ་བརྟེན་པའི་རིགས་མཐུན་པའི་ཕྲ་རབ་རྣམས་ནི་བསགས་པ་ཡིན་ཞིང་དེ་བཞིན་དུ་བུམ་པ་ལ་སོགས་པ་ཡང་ཡིན་པས་དེ་ནི་རྫས་སུ་ཡོད་དོ། །ཞེས་གསུངས་སོ། །

བཞི་པ་ནི། རྨི་ལམ་གྱི་ཤེས་ངོར་ས་བོན་ལ་བརྟེན་ནས་མྱུག་གུ་བཏགས་པ་དང་། ལུས་བཟང་ངན་ལ་བརྟེན་ནས་བདག་ཀྱང་བཟང་ངན་དང་། སྔགས་རྫས་ཀྱིས་བསླད་པའི་ཤེས་ངོར་རྟ་དང་གླང་པོ་དང་། སྟག་དང་མི་སོགས་ཀྱི་ལུས་ཆེ་ཆུང་དང་མཛེས་སྡུག་ལས་དེ་ལྟར་བཏགས་པ་དང་། ཟད་པར་གྱི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་གཟིངས་དང་ཟམ་པ་དང་ཆུ་དང་ནགས་ཚལ་དང་སྐྱེད་མོས་ཚལ་ལ་སོགས་ཇི་ལྟར་བཏགས་པ་ལྟ་བུ་སྟེ། རྟོག་པའི་འཁྲུལ་ངོ་དེར་ས་བོན་ལས་མྱུག་གུ་སྐྱེ་བ་དང་། ལུས་ལས་གང་ཟག་བཟང་ངན་དང་། རྟ་དང་གླང་པོ་དང་། ལུས་ཆེ་ཆུང་དང་མཛེས་སྡུག་དང། གཟིངས་དང་ཟམ་པ་དང་། ཆུ་དང་ནགས་ཚལ་སོགས་ཀྱི་རྣམ་གཞག་རྟོག་པས་བཏགས་པ་ཙམ་ལས་དོན་དངོས་ལ་འདི་དང་དེའོ་ཞེས་པའི་རྫས་སུ་གྲུབ་པ་མེད་པས་གདགས་གཞི་བཏགས་ཡོད་ལ་བཏགས་ཆོས་ཀྱང་བཏགས་ཡོད་འཇོག་ཅེས་པ་ནི་རྨད་དུ་བྱུང་བའི་དཔེ་བཀོད་པ་བཞི་པ་ཡིན་ནོ། །
དྲུག་པ་ལེགས་ལྡན་ཡབ་སྲས་ཀྱིས་ཡིད་ཀྱི་རྣམ་ཤེས་གང་ཟག་མི་འདོད་པ་ལ་ འགལ་འདུའི་གནོད་བྱེད་ཆར་ལྟར་འབབ་པའི་ཚུལ་ནི།

དབུ་མ་རང་རྒྱུད་པ་དག་གིས་ཡིད་ཀྱི་རྣམ་ཤེས་གང་ཟག་འདོད་ཚུལ་ནི། དེ་ཡང་སློབ་དཔོན་ལེགས་ལྡན་ལ་སོགས་དབུ་མ་རང་རྒྱུད་པ་དག་གིས་རྩ་བའི་རྣམ་ཤེས་ཐ་སྙད་དུ་གང་ཟག་གི་མཚན་གཞིར་བཞེད་པ་ནི་རང་གཞུང་དག་ལས་ཆེས་གསལ་ན་ཡང་གདགས་གཞི་དང་མཚན་གཞི་ནོར་རོ་ཞེས་རྒྱལ་བ་གཉིས་པ་གངས་ཅན་ཤིང་རྟ་ཆེན་པོ་ལའང་ཧམ་བཤད་རྒྱུན་མ་ཟློ་བ་རྣམས་ལ་ཁོ་བོས་རང་མཚང་དམར་རྗེན་བསྟན་པར་བྱ་སྟེ། འདི་ལྟར། རྩ་ཤེའི་མཆོད་བརྗོད་ཀྱི་འགྲེལ་བ་ཤེས་རབ་སྒྲོན་མ་ལས། དཔེར་ན་སྦྱིན་པ་ལ་སོགས་པ་དོན་དམ་པར་དགེ་བ་མ་ཡིན་ཡང་འཁོར་བ་སྡུད་པ་ལས་དགེ་བ་རྣམས་ཞེས་བརྗོད་པ་དང༌། རྣམ་པར་ཤེས་པ་བདག་ཏུ་ཁས་བླངས་ནས་དོན་དམ་པར་རྣམ་པར་ཤེས་པ་བདག་མ་ཡིན་ནོ་ཞེས་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་ལྟ་བུའོ། །ཞེས་གསུངས།

རྩ་ཤེའི་རབ་བྱེད་བཅོ་བརྒྱད་པའི་འགྲེལ་བ་ཤེས་རབ་སྒྲོན་མ་ལས། ལ་ལ་འདི་སྙམ་དུ་དབུ་མ་པས་བདག་ཚིག་གི་དོན་ཉིད་དུ་ཁས་མ་བླངས་པའི་ཕྱིར་དེའི་ཁྱད་པར་བསྟན་པ་མི་རིགས་ཏེ། དཔེར་ན་མོ་གཤམ་གྱི་བུའི་སྔོ་བསངས་དང༌། དཀར་ཤམ་ཉིད་ལ་སོགས་པ་བཞིན་ནོ་སྙམ་དུ་སེམས་ན། དེ་ནི་བཟང་པོ་མ་ཡིན་ཏེ། ཡང་འབྱུང་བའི་སྲིད་པ་ལེན་པའི་ཕྱིར་བདག་ཅེས་བྱ་སྟེ། རྣམ་པར་ཤེས་པའི་ཡུལ་ལ་བདག་ཏུ་ཐ་སྙད་གདགས་པའི་ཕྱིར་རྣམ་པར་ཤེས་པ་ལ་བདག་ཏུ་བརྗོད་དེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། སེམས་དུལ་བ་ནི་དགེ་བ་སྟེ། །དུལ་བའི་སེམས་ཀྱིས་བདེ་བ་འཐོབ། །ཅེས་གསུངས་ནས་མདོ་སྡེ་གཞན་ལས། བདག་གི་མགོན་ནི་བདག་ཉིད་ཡིན། ། གཞན་ནི་མགོན་དུ་སུ་ཞིག་འགྱུར། །མཁས་པ་བདག་ཉིད་ལེགས་དུལ་བས། །མཐོ་རིས་དག་ཀྱང་འཐོབ་པར་འགྱུར། ། ཞེས་གསུངས་པས། དེའི་ཕྱིར་ཐ་སྙད་དུ་བདག་སྤྱིར་ཁས་བླངས་པའི་ཁྱད་པར་མ་གྲགས་པ་སེལ་བའི་ཕྱིར་སྐྱོན་མེད་དོ། །ཞེས་གསུངས།

རབ་བྱེད་དེའི་འགྲེལ་བ་ཤེས་རབ་སྒྲོན་མ་ལས། གལ་ཏེ་རང་གི་གྲུབ་པའི་མཐའི་ཚུལ་ལས་བདག་གི་ངོ་བོ་ཉིད་ངེས་པར་མ་བཟུང་བར་ཐ་སྙད་དུ་བདག་སྤྱིར་དམ་འཆའ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་གི་ལུང་ལས་ཀྱང༌། བདག་གི་སྒྲ་རྣམ་པར་ཤེས་པ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ། སྐྱེ་བ་ལ་སོགས་པ་དག་ལ་ནི་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་གདགས་པར་འདོད་པ་དེ་བཞིན་དུ། ཕུང་པོ་ལ་བརྟེན་ནས་སེམས་ཅན་དུ་གདགས་པར་འདོད་ལ། རྣམ་པར་ཤེས་པ་ནི་ཡང་འབྱུང་བའི་སྲིད་པ་ལེན་པའི་ཕྱིར་བདག་ཅེས་བརྗོད་པའི་ཕྱིར་རོ། །ཞེས་གསུངས།
འགྲེལ་བཤད་སྤྱན་རས་གཟིགས་སྟོད་ཆ་ལས། རྣམ་པར་ཤེས་པ་བདག་ཏུ་ཁས་བླངས་ནས་དོན་དམ་པར་རྣམ་པར་ཤེས་པ་བདག་མ་ཡིན་ནོ་ཞེས་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་ལྟ་བུ་དང་ཞེས་བྱ་བས་ཇི་སྐད་བསྟན་ཞེ་ན། བཅོམ་ལྡན་འདས་ལ་འགའ་ཞིག་གིས། བཅོམ་ལྡན་འདས་གལ་ཏེ་བདག་མ་མཆིས་ན། ཇི་ལྟར་དགེ་བ་དང་མི་དགེ་བའི་ལས་དང་འབྲས་བུར་འབྲེལ་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས། སེམས་དུལ་བ་ནི་དགེ་བ་སྟེ། །དུལ་བའི་སེམས་ཀྱིས་བདེ་བ་བསྐྱེད། །ཅེས་བཀའ་སྩལ་པས། ཀུན་རྫོབ་ཏུ་རྣམ་པར་ཤེས་པ་ལ་བདག་དང་བདག་ཉིད་དུ་ཁས་བླངས་ནས། སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བའི་དུས་ན་རྣམ་པར་ཤེས་པ་བདག་མ་ཡིན། བདག་རྣམ་པར་ཤེས་པ་དང་ལྡན་པ་མ་ཡིན། རྣམ་པར་ཤེས་པ་ལ་བདག་མེད། བདག་ལ་རྣམ་པར་ཤེས་པ་མེད་དོ་ཞེས་གསུངས་པས། དེ་ལྟར་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་དང་འདྲ་བར། འདིར་ཡང་དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་པ་ཡིན་ཡང་། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་རོ། །ཞེས་གསུངས་པས་ན་ཡིད་ཀྱི་རྣམ་ཤེས་དེ་གང་ཟག་གི་གདགས་གཞི་དང་མཚན་གཞིར་སུ་དང་གང་ཞིག་འཁྲུལ་འདུག་གམ།

སྨྲས་པ། སྐབས་གསུམ་ལྷ་ཡི་སྤྱི་བོས་གཙུག་ཏུ་བཀུར། །
རྐང་གཉིས་མ་ཡིས་མིག་ཟུང་ཁྱོད་ལ་གཅེར། །
ཉམ་ཐགའགྲོ་བས་རེ་བ་ཡོངས་སུ་བཅོལ། །
སྟོན་པ་ཐུབ་པའི་དབང་པོས་དུས་ཀུན་སྐྱོངས། །

ས་གསུམ་འགྲོ་ལ་ལམ་བཟང་མཚོན་པའི་མིག །
རབ་འབྱམས་གསུང་གི་སྙིང་པོ་མ་ལུས་པ། །
ཡང་སྙིང་གསེར་ཞུན་རིན་ཆེན་དབྱིག་གི་ནོར། །
ཀླུ་སྒྲུབ་ཡབ་སྲས་དགོངས་དོན་འགྲེལ་བ་ལ། །

ཐམས་ཅད་མཁྱེན་པའི་ལུང་བསྟན་ཡང་དག་བརྙེས། །
རྒྱལ་བའི་གསུང་ལ་ཡེ་ཤེས་གཟིགས་པ་དག །
རྟེན་འབྱུང་ཟབ་མོའི་ཚུལ་ལ་མངའ་བརྙེས་པ། །
རྗེ་བཙུན་བློ་བཟང་གྲགས་པ་དེང་འདིར་དྲན། །

རྒྱལ་བའི་བཀའ་ལ་གང་ནུས་ལེགས་པར་བརྟགས། །
དགོངས་འགྲེལ་གསུང་ལ་བློ་གྲོས་མིག་གིས་བལྟས། །
རིང་ལུགས་སོ་སོའི་གྲུབ་མཐའི་འགངས་ལ་དཔྱད། །
ཕྱོགས་ལྷུང་སྐྱོན་གྱིས་མ་གོས་འདི་ན་བཀོད། །

འོན་ཀྱང་འཁྲུལ་མིན་སྲིད་པ་མ་ཡིན་པས། །
མ་རྟོགས་ནོར་བ་གང་བྱུང་སྙིང་ནས་འཆགས། །
ཅུང་ཟད་ལེགས་པ་མཆིས་ན་མཆོད་སྤྲིན་ཡིན། །
རྟག་ཏུ་འབྲལ་མེད་མཉེས་ཤིང་རྗེས་གཟུང་ཤོག །

ཅེས་པ་འདི་ནི་ཕྱི་ལོ/2021/8/ 3/ དགོང་མོར་ནང་ཆོས་དང་ཚན་རིག་གླེང་སྟེགས་ཆེན་པོའི་དྲྭ་ཚོམས་དེར་མཁན་པོ་ཁེར་རྐྱང་སེར་པོ་དང་། བཤེས་གཉེན་རིག་པའི་རྡོ་རྗེ་རྣམ་གཉིས་ནས་དྲི་བ་དང་ལན་གྱིས་སྐུལ་ངོར་སྟོང་མིན་ཙམ་དུ་སེར་ཏྲེ་དགེ་བཤེས་རིག་པའི་ཁུ་བྱུག་འབོད་པ་གང་དེས་ཉིན་དེར་འཕྲལ་མར་བགྱིས་ཏེ་སྤྲིངས་པའོ། །

གོང་གི་རྩོམ་ཡིག་དང་འབྲེལ་བའི་གསུང་བཤད་སྒྲ་སྒམ།