དོན་སྤྱི་རྟག་པ་མི་འཐད་པ།  

kunkyen

__དྲང་སྲོང་སྤོབས།

སྤྱི་ཞེས་པ་ནི་བྱེ་བྲག་གམ་ནང་གསེས་ཀྱི་དབྱེ་བ་མང་པོ་ལ་ཁྱབ་པའི་ཁྱབ་བྱེད་ལ་གོ་བ་དང་།  གཞན་ཡང་ཐུང་མོང་དང་།  དུ་མ་འདུས་པའི་ཚོགས་པ་སོགས་ལའང་འཇུག།  ཚད་མ་རིག་པའི་གཞུང་ནས་སྤྱི་ལ། རིགས་སྤྱི། ཚོགས་སྤྱི། དོན་སྤྱི། སྒྲ་སྤྱི།  བཅས་སྤྱི་ཞེས་ཐ་སྙད་ཐོབ་པ་བཞི་ཙམ་གསུངས་ཡོད། རྗེ་ཙོང་ཁ་པ་ཆེན་པོས་དུ་མ་ལ་རྗེས་འགྲོ་བྱེད་པ་སྤྱི་ཡི་མཚན་ཉིད་དུ་གསུངས་པའང་རང་གི་གསལ་བ་དུ་མ་ལ་རྗེས་འགྲོ་བྱེད་པ་ཞེས་པའི་དོན་ཡིན་པར་སྣང་།   མཁས་པ་ལ་ལས་རང་གི་གསལ་བ་ལ་རྗེས་འགྲོ་བྱེད་པ་སྤྱི་ཡི་མཚན་ཉིད་དུ་བཞག་སྟེ་དོན་མཚུངས་སོ། ཀུན་མཁྱེན་གོ་རམ་པས་སྤྱི་ཡི་མཚན་ཉིད་དུ་ཐུན་མོང་བར་སྣང་བའི་སྒྲོ་བཏགས་ཞེས་བཞག་པ་མི་ལེགས་སྟེ། ཚོགས་སྤྱི་སྒྲོ་བཏགས་ཡིན་པར་རིགས་པས་གནོད་དེ།  དེ་རང་གི་ཆ་ཤས་དུ་མ་འདུས་པའི་ཆ་ནས་བཞག་པའི་གོང་བུ་ཡིན་པ་དོན་ལ་གནས་པས་སྒྲོ་བཏགས་ཀྱི་ལྷུ་འཐོར་འགྲོ་ཞིང་།  ཚོགས་སྤྱིི་ལ་རྡུལ་རྗས་དུ་མ་འདུས་པ་ལ་རགས་པར་སྣང་བའི་སྒྲོ་བཏགས་ཤིག་དགོས་པ་རིགས་གཏེར་གསལ་བྱེད་ལས་གསུངས་འདུག་ནའང་མི་ལེགས་ཏེ།  རགས་པར་སྣང་བ་ལ་སྒྲོ་བཏགས་པ་ཞེས་སྒྲོ་བཏགས་ཀྱི་ཆ་ཞིག་ལ་ངོས་བཟུང་བ་ཡིན་ན་ན་དེ་ལ་ཚོགས་པ་དང་སྤྱིའི་དོན་མི་འབྱུང་ལ། སྣང་བ་ལ་འདོད་དོ་ཞེས་ན།  དེའང་མི་འཐད་དེ་རྡུལ་རྗས་དུ་མ་འདུས་པ་ལས་རགས་པ་ཆགས་ཤིང་། རགས་པ་དེ་ཉིད་རགས་པར་སྣང་བ་ནི་གཟུགས་མངོན་གསུམ་ལ་སྣང་བ་ཡིན་པ་ལས་སྒྲོ་བཏགས་ཤིག་ག་ལ་ཡིན། སྣང་བ་དེ་ཉིད་རྟགས་པར་འདོད་ན་ན་ཤིན་ཏུ་མི་རུང་སྟེ་སེམས་ཀྱི་འཆར་སྒོ་ཡིན་པས་སོ་ན་མ་ཞིག་པའི་འདུས་བྱས་ཀྱི་ཕྱག་རྒྱས་བཅིངས་སོ།།

ཡང་ཀུན་མཁྱེན་གོ་རམ་པས་ཚོགས་སྤྱི་མཚན་གཞི་ལ་རྡུལ་རྫས་བརྒྱད་འདུས་པ་ལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ལྟ་བུའོ་ཞེས་བཞག་མོད། ཚིག་དོན་གཉིས་ཀ་ལ་སྐྱོན་མཆིས་ཏེ།   བདག་གཞི་ལ་མིང་དུ་བཏགས་ཚད་སྒྲོ་བཏགས་འདོད་ན་ཧ་ཅང་ཐལ་ཞིང་སྒྲོ་བཏགས་ཡིན་མིན་གྱི་མཚམས་འབྱེད་དཀའ་བའི་དོན་མེད་ཀྱི་ངལ་བ་འབྱུང་ངོ་།    གནད་མི་ཆེ་ནའང་རྡུལ་རྫས་བརྒྱད་འདུས་པ་ཞིག་ལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ལྟ་བུར་ཞེས་གསུངས་ཡོད་ན་ཚིག་སྐྱོན་མི་བབ་མོད།  དེ་ལྟར་མ་བྲིས་པར་རྡུལ་རྫས་བརྒྱད་འདུས་ལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ཞེས་པ་ཙམ་ལས་ངེས་གཟུང་གི་ཚིག་ཕྲད་མ་སྦྱར་པས་ཚིག་ལ་གླན་ཀ་ཅུང་ཟད་ཐོན་ཡོད།   མཁས་པ་ལ་ལས་རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་ཞིག་ལ་ཚོགས་སྤྱི་བཞག་པ་ནི།  རགས་པ་སྦྱར་བས་དངོས་དོན་དང་རྒྱང་བསྐྱེད་སོང་བར་མིན་ནམ་སྙམ།  གཟུགས་འཛིན་དབང་པོ་རང་ག་བས་མངོན་གསུམ་གྱི་ཡུལ་དུ་མ་གྱུར་བའི་ཕྲ་བའི་རྡུལ་ཕྲན་ལའང་ཆ་ཤས་དུ་མ་འདུས་པའི་བདག་ཉིད་ཅན་ཡོད་པས་དེ་ཚོགས་སྤྱི་མ་ཡིན་པར་བཤད་དཀའ་ལ།  རགས་པ་སྦྱར་ཡོད་ཅེས་ཨུ་ཚུགས་བྱེད་ན་ན་ཨུ་ཚུགས་རང་དེ་རགས་པ་སྦྱར་བ་མི་རུང་ངོ་ཞེས སྨྲས་པ་ཡིན་ལ། ད་དུང་ཨ་འཐས་བྱས་ན་སྔོན་གྱི་བཤད་ཡམ་མ་ཡིན་པའི་རྒྱུ་མཚན་གསར་པ་བློ་ལྡན་ཡིད་ཕྲོགས་པར་བྱེད་པ་ཞིག་སྟོན་དགོས་སོ།།

ཚོགས་སྤྱི་སྒྲོ་བཏགས་འདོད་པ་རྣམས་ཀྱིས་རང་གི་ཆ་ཤས་རྡུལ་ཕྲ་མོ་འདུས་པའི་ཆ་ཅན་གཟུགས་ཀྱི་འདུས་པ་དེ་ཉིད་ཚོགས་སྤྱི་མིན་པའི་རྒྱུ་མཚན་བཤད་དགོས་ལ། གལ་ཏེ་ཚོགས་སྤྱི་འདོད་དོ་ཞེས་ན་སྒྲོ་བཏགས་ཡིན་པའི་སྒྲུབ་བྱེད་སྟོནད་ཅིག།རྒྱ་བོད་གཉིས་ཀར་སྔར་ནས་ད་བར་ཚད་མའི་གཞུང་ལ་འཆད་རྩོད་རྩོམ་པར་བགྱིས་པ་མང་དུ་བྱུང་བ་ཐམས་ཅད་ཀྱིས་དོན་སྤྱི་རྟག་པར་སྨྲ་བ་ལ་མ་བརྟག་ལྷུར་ལེན་བྱེད་རྐྱང་ལས་དངོས་པོའི་ངོ་བོ་དང་རྣམ་པའི་ཚུགས་ཀ་སེམས་ལ་དྲན་པའི་འཆར་སྣང་འདི་དངོས་པོ་གསུམ་གྱི་ནང་གསེས་ལྡན་མིན་འདུ་བྱེད་ཡིན་པར་དྭོགས་པ་ཙམ་ཡང་མ་བྱུང་བ་འདྲ། བཤད་མ་ཐག་པ་ལྟར་དོན་སྤྱི་ནི་དངོས་པོའི་ངོ་བོ་དང་རྣམ་པའི་ཚུགས་ཀ་སེམས་ལ་དྲན་པའི་སེམས་ཀྱི་འཆར་སྒོ་སྣང་བ་ཡིན་པར་མྱོང་བས་ངོ་སྤྲད་ཡོང་བ་འདི་ལགས་ན།   སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པའི་སྣང་བཏགས་གཅིག་ཏུ་འཁྲུལ་བའི་སྒྲོ་བཏགས་ཞེས་པ་དང་།  རྟོག་པ་ལ་ཆོས་དེའི་དོན་དུ་སྣང་བ་གང་ཞིག་དངོས་པོ་མ་ཡིན་པ་ཞེས་དང་།  རང་འཛིན་རྟོག་པ་ལ་རང་མ་ཡིན་བཞིན་དུ་རང་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་ཞེས་པ་ལ་སོགས་པ་འདི་རྣམས་དངོས་པོ་ལ་གནས་པའི་བཤད་པ་འགྲོ་བར་ནི་དཀའ་བ་ཉིད་དུ་ཁུམས་སོ། བཏགས་དོན་དངོས་པོའི་དོན་སྤྱི་འམ་འདྲ་རྣམ་ཚུགས་ཀ་དེ་རང་འཛིན་རྟོག་པ་ལ་འཆར་བ་འདི་ཀ་སྣང་བ་ཡིན་མོད། སྣང་བ་དེ་ཉིད་ལ་རྟོག་པས་བཏགས་དོན་གྱི་ཡུལ་མི་འཛིན་པས་སྣང་བཏགས་གཅིག་ཏུ་འཁྲུལ་བ་དང་སྒྲོ་བཏགས་པ་སོགས་འདི་ལ་མེད་པར་སྣང་བས་སྣང་བཏགས་གཅིག་ཏུ་འཁྲུལ་བའི་སྒྲོ་བཏགས་བཞེད་པ་ནི་མི་འཐད་ཅིང་།  སྒྲོ་བཏགས་ལ་རྟག་པས་མ་ཁྱབ་པའི་ཕྱིར་ན་སྐབས་འདིར་ཀུན་མཁྱེན་གོ་རམ་པས་དོན་སྤྱི་རྟག་པ་འདོད་པར་མངོན་པར་མི་གསལ་ནའང་འདོད་པའི་ཕྱོགས་སུ་མངོན་ནོ། དགོས་པའི་སླད་དུ་སླར་ཡང་དཔེ་ཡི་སྟེང་ན་ཅུང་ཟད་གོ་བདེ་བར་འགྲེལ་ན།  བུམ་འཛིན་རྟོག་པ་ལ་བུམ་པའི་དོན་སྤྱི་འམ་འདྲ་རྣམ་ཚུགས་ཀ་འཆར་བ་དེ་རྟོག་པའི་སྣང་བ་ཡིན་ལ།  སྣང་བ་དེ་ལ་བུམ་འཛིན་རྟོག་པས་བུམ་པར་མི་འཛིན་པས་བློ་ལ་འཆར་བའི་སྣང་བ་དོན་སྤྱི་དང་། ཐ་སྙད་བཏགས་པའི་དོན་བུམ་པ་གཉིས་གཅིག་ཏུ་འཁྲུལ་ནས་བུམ་འཛིན་རྟོག་པས་བུམ་པའི་དོན་སྤྱི་བུམ་པར་མི་འཛིན་པ་འདི་རྟོགས་ན། སྣང་བཏགས་གཅིག་ཏུ་འཁྲུལ་བའི་གཏམ་ནི་ཡོང་དོན་མེད་པ་ཉིད་དོ།   རྗེ་ཙོང་ཁ་པ་ཆེན་པོས།  རྟོག་པ་ལ་ཆོས་དེའི་དོན་དུ་སྣང་བ་གང་ཞིག་དངོས་པོ་མ་ཡིན་པ་ཞེས་གསུངས་ཀྱང་། དངོས་པོ་མ་ཡིན་པ་ནི་འདོད་པ་ཙམ་ལས་སྒྲུབ་བྱེད་འཐད་ལྡན་རྙེད་དཀའ་ལ། རྟོག་པའི་སྣང་བ་ལ་རྟགས་མི་རྟག་གཉིས་ཀྱི་རྣམ་བཞག་བྱ་དགོངས་ན་ན་བྱིས་པ་རྩེད་མོ་དང་ཆོས་མཚུངས་པ་ལས་དོན་ལ་བསྙེགས་པ་མི་ཡོང་བར་སྙམ།   རང་འཛིན་རྟོག་པ་ལ་རང་མ་ཡིན་བཞིན་དུ་རང་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་དོན་སྤྱིའི་དོན་དུ་འདོད་པ་ཡང་འཁྲུལ་པ་སྟེ།རྟོག་པ་ལ་དོན་མ་ཡིན་པའི་དོན་གྱི་ཚུགས་ཀ་ཞིག་སྣང་བ་ནི་དོན་གྱི་སྤྱི་བློ་ལ་འཆར་བའི་སེམས་ཀྱི་སྣང་བ་ཡིན་ལ།  རང་འཛིན་རྟོག་པས་སྣང་བ་འདི་ཉིད་བཏགས་དོན་གྱི་དངོས་པོར་སྒྲོ་བཏགས་པ་རྡུལ་ཙམ་ཡང་མེད་པ་ལ་སྒྲོ་བཏགས་ཀྱི་ཆ་ཞེས་གཟུགས་མེད་པའི་གྲིབ་སོ་ཆེན་པོ་ཞིག་བཟོས་པ་འདིས་དོན་སྤྱི་རྟགས་པར་རློམ་པའི་འཁྲུལ་བ་དང་ནོངས་པ་ཀུན་གྱི་རྩ་བ་བྱས་པར་སྣང་ངོ་།  ཡིད་བློ་རྟོག་པ་ལ་དོན་སྤྱི་སྣང་བ་ཙམ་ལས་སྣང་བ་དོན་དུ་སྒྲོ་འདོགས་མིན་ནི་རང་གིས་མྱོང་བ་ལ་བརྟག་ན་རྟོགས་ནུས་ཤིང་གཟུང་བ་ཡུལ་གྱི་དོན་སྤྱི་ནི་འཛིན་པ་སེམས་ཀྱི་འཆར་སྣང་ལས་གཉིས་སུ་བྱར་མེད་ན།  གཟུགས་ཤེས་མིན་པའི་འདུས་བྱས་སུ་རིགས་པ་ཉིད་དོ།  །

སྨྲས་པ།

མང་ཐོས་རབ་འབྱམས་གཞུང་ལ་མངའ་བརྙེས་པའི། །
ཤིན་ཏུ་བློ་ལྡན་མཁས་པའི་སྐྱེ་བོའང་། །
མྱོང་བ་ཚད་མའི་རང་ཞལ་མ་མཇལ་བར།།
བྲག་ཟེའི་སྨྲ་བ་རྡོ་རྗེའི་ཚིག་ཏུ་བཟུང་།།

ཟེར་སྒྲོས་ལུ་གུ་རྒྱུད་དུ་བསྟར་བ་ཡི།།
གཏམ་གྱི་བམ་པོ་གྲངས་ཀྱིས་ཕྱུག་གྱུར་ཀྱང་།།
གནས་སྣང་ཤེས་བྱའི་ངང་ཚུལ་ལ་བསྙེགས་པའི།།
ལེགས་བཤད་བརྟག་པའི་གཞུང་ལུགས་ཉིན་སྐར་ཟླ།།

ལུང་གི་མེ་ཏོག་སྤྱི་བོའི་རྒྱན་བླངས་ཤིང་།།
ལུང་དོན་བྲམ་ཟེའི་དགོངས་པའི་རྒྱར་བཙུད་པས།།
དེ་ཉིད་རྣམ་འབྱེད་མཁས་པའི་བློ་གྲོས་འབུམ།།
བག་ལ་ཞ་སྟེ་འདི་ལྟར་ཆུད་འཛའ་ཕངས།།

རྟོན་བཞིའི་འཇུག་ལྡོག་ངག་ལ་བྱང་ན་ཡང་།།
རྡོ་རྗེའི་དམ་ཚིག་བསྒྲགས་པའི་འཇིགས་པ་ཡིས།།
ལུང་དོན་རྒོལ་བའི་སྙིང་ཁམས་བཅོམས་ཟིན་པས།།
ལས་ཀྱིས་མནར་བ་ཇི་བཞིན་ལུང་ལ་འཁྲིལ།།