རྒོལ་ངན་བུད་ཤིང་སྲེག་པའི་ལུང་རིགས་མེ་སྤུངས་རང་འབར་ཞེས་བྱ་བ།

རྒོལ་ངན་བུད་ཤིང་སྲེག་པའི་ལུང་རིགས་མེ་སྤུངས་རང་འབར་ཞེས་བྱ་བ།

༄༅། །འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་གྱི་ཕུལ། །
ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །
ཟབ་མོ་རྟེན་ཅིང་འབྲེལ་བར་ཉེར་བསྟན་པ། །
མཉམ་མེད་ཐུབ་པའི་དབང་པོར་རྟག་ཏུ་རྒྱལ། །

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད། །
ཡང་སྙིང་གསེར་ཞུན་མཐའ་བྲལ་དབུ་མའི་ལམ། །
ཇི་བཞིན་འཛིན་པར་རྒྱལ་བའི་ལུང་གིས་བརྙེས། །
ཀླུ་སྒྲུབ་ཡབ་སྲས་རྣམས་ལ་སྙིང་ནས་འདུད། །

དཔལ་ལྡན་ཟླ་བ་བསམ་བཞིན་གངས་ཅན་ཞིང་། །
ངུར་སྨིག་རྣམ་པར་རོལ་བའི་ཙོང་ཁ་པ། །
རིག་པའི་ཁུ་བྱུག་སྲས་ཀྱི་ཚུལ་འཛིན་པ། །
མཁས་གྲུབ་ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །

སྟོན་ལ་ཞུགས་པའི་དུས་མཐའི་དགེ་སྦྱོང་ཞིག །
ཕྱོགས་ལྷུང་གདོན་གྱིས་མྱོས་ནས་ཟུག་རྔུ་འབྱིན། །
དུག་སེལ་བདུད་རྩིའི་སྨན་ཕུལ་ཁྱོད་ལ་སྦྱིན། །
ཡིད་རབ་ཚིམས་པར་མཛད་ཅིག་རིགས་ཀྱི་བུ། །

དེ་ཡང་ནང་ཆོས་དང་ཚན་རིག་གླེང་སྟེགས་ཞེས་མཁས་བླུན་དུ་མ་འདུས་པའི་དྲྭ་ཚོམས་སུ་དོན་གྱི་འགངས་ལ་མི་དཔྱད་པར་ཧ་ཅང་སྙིང་ཁམས་ཆེན་པོས་རྗེ་བླ་མ་ལ་སྐུར་འདེབས་ཚད་ལས་བརྒལ་བའི་འུར་སྒྲོག་གི་འཁྱལ་གཏམ་མང་དུ་ཟློ་བའི་རྐྱེན་གྱིས་སྐྱེ་བོ་མང་པོ་གཡང་སར་འཁྲིད་པའི་ཉེས་སུ་མཐོང་ནས་རྔ་ལ་འཚམ་པའི་དབྱུག་གུས་མ་བསྣུན་ཐབས་ཟད་ཀྱིས་དགག་ལན་འདི་སེམས་གཏིང་ནས་མི་མོས་ཀྱང་བཙན་གྱིས་བསྐུལ་ན། ཀུན་མཁྱེན་ཆེན་པོའི་རྗེས་འཇུག་རྣལ་མ་རྣམས་ལ་བཟོད་གསོལ་སྙིང་ནས་ཞུ། དེ་ལ་འདིར་ཕྱོགས་སྔའི་འདོད་པ་བརྗོད་པ་དང་། འགལ་འདུའི་ཕུང་པོའི་རང་མཚང་དམར་རྗེན་བསྟན་པ་གཉིས་སོ། ། དང་པོ་ནི། ཁེར་རྐྱང་སེར་པོ་ན་རེ། གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། རྟགས་གསལ་འབྲུ་གནོན་གྱི་ཐོག་ཏུ་དངོས་འགལ་ཡིན་ལ། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ལ་དངོས་འགལ་ཡིན་པས་དགེ་ལྡན་པའི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག་ཅེས་ཧ་ཅང་སྐད་གསང་མཐོན་པོར་བསྒྲགས་སོ། །

གཉིས་པ་ལ་རིགས་པར་སྨྲ་བའི་སྤྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་ཚུལ་དང་། འགལ་བའི་ཁུར་ཆེན་ཐོག་ཏུ་འབབ་པའི་རང་བྱས་ཉེས་པ་དང་། དགག་པ་གཉིས་ཀྱི་རྣལ་མ་གོ་བས་ཉེས་སྐྱོན་མ་ལུས་རང་འགགས་སུ་འགྲོ་བའི་ཚུལ་བསྟན་པ་དང་གསུམ་མོ། ། དང་པོ་ནི། ཕྱི་རྒོལ་ལ་མ་གྲུབ་པའི་ཆོས་ཅན་བཟུང་བ་དང་། ཁས་ལེན་མེད་པའི་རྟགས་སུ་བཀོད་པ་ནི། བྱིས་ཆུང་བསྡུས་གྲྭ་བ་ཡན་བཞད་གད་ཀྱི་གནས་དང་། རིགས་པར་སྨྲ་བའི་དགག་སྒྲུབ་ཀྱི་སྤྱི་ལུགས་ལས་འདས་པས་ཐལ་རྟགས་དེ་འདྲ་དཀོན་པར་ཨང་། དེ་ཡང་ཁོ་ན་རེ། གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན་ཟེར། ཆོས་ཅན་དེ་ནི་རིགས་བདག་ཤཱཀྱའི་རྒྱལ་པོ་དང་། སྲས་མཆོག་འཕགས་པ་ཀླུ་སྒྲུབ་དང་། མེས་པོ་ཟླ་བ་གྲགས་པ་དང་། ཡབ་རྗེ་བློ་བཟང་གྲགས་པའི་རིང་ལུགས་ལ་རི་བོང་གི་རྭ་ལྟར་ཡེ་ནས་མ་གྲུབ་པས་ཆོས་ཅན་གཟུང་རྒྱུར་དེ་འདྲ་ཕོངས་པ་ལ། དང་པོ་གྲུབ་སྟེ། རྒྱལ་བའི་མདོ་སྡེ་རྣམས་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་སོ། ། གཉིས་པ་གྲུབ་སྟེ། རྩ་ཤེའི་རབ་བྱེད་ཉེར་དྲུག་པ་ལས། དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དབུ་མ་ལ་འཇུག་པ་ལས། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། ། དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། འདིར་གཟུགས་བརྙན་ལས་ནི་དེ་འཛིན་པའི་མིག་ཤེས་སྐྱེ་བར་གསུངས་པས། གཟུགས་བརྙན་དངོས་པོ་ཡིན་ཞིང་ཤེས་པ་དང་ངོ་བོ་ཐ་དད་པས་ནི་ཕྱི་རོལ་གྱི་དོན་ཡིན་ལ། དེ་ཡང་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པས། གཟུགས་ཀྱི་སྐྱེ་མཆེད་དུ་བཞེད་པ་ཡིན་ཏེ། ཟླ་གཉིས་དང་སྐྲ་ཤད་དུ་སྣང་བ་དང་སྒྱུ་མ་སོགས་དང༌། སྒྲ་བརྙན་སོགས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ལེགས་བཤད་འདི་ཙམ་གྱི་བཀའ་དྲིན་ནམ་ཡང་གཞལ་བར་དཀའོ། །

ཡང་ཁོ་ན་རེ། རྣམ་པར་ཤེས་པ་ཆོས་ཅན། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། ཞེས་བཀོད་དེ་སྔོན་ནས་ད་བར་དེ་ལ་དགེ་ལྡན་པ་སུས་ཀྱང་ལན་འདེབས་མི་ནུས་སོ་ཞེས་འུར་ཆེན་གྱིས་སྟོང་སྐད་ཀྱིས་འགྱིངས་སོ། ། ཕྱོགས་ལྷུང་སྐྱོན་གྱིས་བློ་མིག་མ་སྒྲིབ་པར་ལེགས་པར་རབ་ཏུ་ཉན་ནས་ཡིད་ལ་ཟུགས་ཤིག ། ཐལ་འགྱུར་དེ་ནི་དགེ་ལྡན་པའི་རིང་ལུགས་འཛིན་པ་ཞིག་གི་ངོས་ནས་བལྟས་ན་ཧ་ཅང་དགོད་བྲོ་བའི་ཆེས་ལྟར་སྣང་ཞིག་སྟེ། འདི་ལྟར། ཁོ་ན་རེ། རྣམ་པར་ཤེས་པ་ཆོས་ཅན། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། ཅིའི་ཕྱིར། དེ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། རྟགས་ལོ་དགུ་ལ་མ་གྲུབ་བོ། ། དེ་ལྟར་ཅིའི་ཕྱིར་དང་། རྟགས་མ་གྲུབ་པའི་ལན་གཉིས་ཙམ་གྱིས་ཅི་ཡང་མེད་པའི་འདུ་ཤེས་དང་ཅི་ཡང་མེད་པའི་ཧ་ཤང་གི་མཆེད་ཟླ་ལ་བཀོད་པའི་ལེའུ་དང་པོའོ། །

སྨྲས་པ། ཆོས་ཅན་མ་གྲུབ་འུར་ཐུག་ཐལ་འགྱུར་ཞིག །གཏན་ཚིགས་མ་གྲུབ་ཐབས་ཟད་ལྟར་སྣང་ཞིག །
ད་དུང་ཆེས་ཆེར་འཁྲུལ་ནས་སྐད་གསང་བསྒྲགས། །རིགས་ལམ་སྨྲ་བ་མ་ལུས་ཞེ་ནས་ཁྲེལ། །

ཕྲན་པའི་ནང་གི་སྦལ་བས་རྒྱ་མཚོར་རློམ། །ཕག་ཚང་ནང་གི་ཕག་མས་གཞལ་ཡས་རློམ། །
ཁེར་རྐྱང་སེར་པོས་ལྟར་སྣང་ཡང་དག་རློམ། །རིག་པའི་ཁུ་བྱུག་སྙིང་ནས་མཚར་དུ་བརྩིས། །

རྒྱལ་བ་མ་ལུས་མཁྱེན་རབ་གཅིག་བསྡུས་པ། །འཇམ་དབྱངས་བླ་མ་རྗེ་བཙུན་ཙོང་ཁ་པའི། །
ལེགས་བཤད་གསུང་གི་དགའ་སྟོན་མྱོང་བ་ནི། །ཨེ་མ་སྐལ་བ་བཟང་ཞིང་ངོ་མཚར་ཆེའོ། །

གཉིས་པ་འགལ་འདུའི་ཕུང་པོ་ཐོག་ཏུ་འབབ་པའི་ཉེས་པ་ལ། ལྟག་ཆོད་ཐོགས་སེར་རང་སྟེང་འབབ་པའི་ཉེས་པ་དང་། ཁུངས་མེད་རྟོག་བཟོས་ཉམ་ཆུང་བསླུ་བའི་ཉེས་པ་དང་། མཐོང་བ་མངོན་སུམ་བསྙོན་འདིང་བྱས་པའི་ཉེས་པ་སྟེ་གསུམ་མོ། ། དང་པོ་ནི། ཁྱོད་ཅག་ལྟར་ན་དགག་པ་གཉིས་ཀྱི་རྣལ་མ་མི་འཐད་ཀྱང་། ཐ་སྙད་དུ་དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ལུགས་སུ་བྱེད་པ་ནི། ཇི་སྐད་དུ། དེ་ནི་ཐ་སྙད་དུ་རང་བཞིན་མེད་པ་མིན་ན། རང་བཞིན་ཡོད་དགོས་ཞེས་པའི་དོན་ཡིན་ལ། ཐ་སྙད་ཀྱི་སྐབས་སུ་ཡོད་མིན་མེད་མིན་ཁས་ལེན་པ་མིན་པས་འགལ་བ་ཅི་ཞིག་ཡོད། ཅེས་འུར་ཐུག་པའི་སྐད་ཅོ་དེ་ལྟར་སྨྲ་ན། གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན། ཐ་སྙད་དུ་དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། རྟགས་གསལ་ཐ་སྙད་ཀྱི་འབྲུ་གནོན་གྱི་ཐོག་ཏུ་དངོས་འགལ་ཡིན་ལ། ཁྱབ་པ་ཐ་སྙད་ཀྱི་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ལ་དངོས་འགལ་ཡིན་པས་ས་སྐྱ་བའི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག་ཅེས་རིག་པའི་ཁུ་བྱུག་འབོད་པ་གང་དེས་མགོ་མཚུངས་ཀྱི་ཐལ་བ་ལ་ནམ་ཡང་ལྡོག་ཏུ་མེད་པའི་ལན་འདེབས་སོ། ། གཞན་ཡང་བྱང་ཆུབ་ལམ་རིམ་ཆེན་མོ་ལས། དབུ་མའི་གཞུང་ལས་​ཡོད་མིན་མེད་མིན་ཞེས་གསུངས་པའི་ཚིག་ཙམ་ལ་འཁྲུལ་པར་སྣང་བས། དེ་འདོད་ན་ནི་ཡོད་པའམ་མེད་པ་ཞེས་སྨྲར་མི་རུང་བ་བཞིན་དུ། ཡོད་མིན་མེད་མིན་ཡང་སྨྲ་བར་མི་རིགས་ཏེ་མུ་བཞི་ཀ་ལ་དེ་ལྟར་གསུངས་པའི་ཕྱིར་རོ། །ཞེས་གསུངས། དོན་ནི། གཟུང་འཛིན་གྱི་ཆོས་རྣམས་ཆོས་ཅན། ཡོད་པ་མིན། མེད་པ་མིན། གཉིས་ཀ་མིན། གཉིས་མིན་མིན་ཞེས་སྨྲ་མི་རིགས་པར་ཐལ། ཁས་ལེན་ཀུན་བྲལ་དང་ཅི་ཡང་མེད་པའི་ཕྱིར། རྟགས་ཡོད་མིན་གྱི་འབྲུ་གནོན་གྱི་ཐོག་ཏུ་དངོས་འགལ་དང་། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་མ་གོ་བའི་འགལ་འདུ་ཡིན་པས་ས་སྐྱ་བའི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག །

གཞན་ཡང་བྱང་ཆུབ་ལམ་རིམ་ཆེན་མོ་ལས། དེ་ལྟ་མ་ཡིན་པར་རང་བཞིན་མེད་པའི་སྟོང་ཉིད་ཡོད་པ་འགོག་ན་རང་བཞིན་མེད་པ་མེད་པར་འགྱུར་ལ། དེ་ལྟ་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འགྱུར་བས། རང་བཞིན་རྣམ་པ་ཐམས་ཅད་དུ་​འགོག་ཏུ་མི་རུང་ངོ་། །ཞེས་གསུངས། དོན་ནི། གཟུང་འཛིན་གྱི་ཆོས་རྣམས་ཆོས་ཅན། རང་བཞིན་གྱིིས་ཡོད་པར་ཐལ། རང་བཞིན་གྱིས་མེད་པ་ཉིད་ལས་ལོག་པའི་ཕྱིར། རྟགས་ཡོད་མིན་གྱི་འབྲུ་གནོན་གྱི་ཐོག་ཏུ་དངོས་འགལ་དང་། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་མ་གོ་བའི་འགལ་འདུ་ཡིན་པས་ས་སྐྱ་བའི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག་ཅེས་ཀྱང་སྐུལ་ལོ། ། ཚུལ་འདི་ནི་སྟོན་པ་དམ་པའི་བཀའ་སྲོལ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ། དཔལ་ལྡན་ཟླ་བའི་བཞེད་པ། དགག་པ་གཉིས་ཀྱི་རྣལ་མ་གོ་བའི་འཇམ་དབྱངས་བླ་མའི་མན་ངག་བླ་ན་མེད་པ་ཡིན་ནོ། ། དང་པོ་གྲུབ་སྟེ། དཔལ་བ་འགྲོ་བའི་མདོ་ལས། ལྟ་བར་གྱུར་པ་དེ་དག་ནི་མེད་པ་ཡིན་ཏེ། ཡོད་པ་མ་ཡིན་ནོ། །ཞེས་དང་། ཤེར་ཕྱིན་མདོ་སྡུད་པ་ལས། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །ཞེས་གསུངས། གཉིས་པ་གྲུབ་སྟེ། དབུ་མ་རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་པའི་རང་འགྲེལ་ལས། རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རང་བཞིན་མེད་པ་རྣམས་ལ་ཟློག་པར་བྱེད་ན་ནི། དེས་ན་དཔེ་འདི་འཐད་པར་ཡང་འགྱུར་བ་ཞིག་ན། འདི་ནི་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་​རྣམས་ཀྱི་རང་བཞིན་འགོག་པར་བྱེད་དོ། །ཞེས་གསུངས། གསུམ་པ་གྲུབ་སྟེ། དབུ་མ་ཤེས་རབ་ལ་འཇུག་པ་ལས། གཅིག་དང་དུ་མ་སྤངས་པ་ཡི། །དངོས་པོ་གང་ཡང་མི་གནས་ཏེ། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས།

བཞི་པ་གྲུབ་སྟེ། དབུ་མ་དགོངས་པ་རབ་གསལ་ལས། མེད་པ་དང༌། ཡོད་པ་མ་ཡིན་པ་ལ་ཚིག་གི་ཁྱད་པར་ཡོད་ཀྱང༌། མེད་པའི་རྣམ་པ་འཆར་བ་ལ་ཡིད་ཞིབ་པར་གཏད་ཀྱང་ཁྱད་པར་ཅི་ཡང་མེད་དོ། །ཞེས་དང་། མེད་པ་དང་། ཡོད་པ་མིན་པ་ལ་ཁྱད་པར་འབྱེད་པ་ནི་བློ་གྲོས་ཤིན་ཏུ་དམན་པར་སྟོན་པ་ཙམ་མོ། ། ཞེས་གསུངས་པ་ནི། ཚིག་གི་བདག་པོ་ཚིག་གིས་གཅོད་པའི་མན་ངག་ཆེས་བླ་ན་མེད་པ་ཞིག་སྟེ། ཐ་སྙད་དང་། དོན་དམ་གང་གིས་དབང་དུ་བྱེད་ཀྱང་། མེད་པ་དང་། ཡོད་པ་མ་ཡིན་པ་ནི་ཚིག་གི་བརྗོད་པ་ཙམ་ལས་དོན་ལ་ཁྱད་པར་ཅི་ཡང་མེད་དོ། །དང་པོ་གྲུབ་སྟེ། དཔེར་ན། འདུ་བྱས་ཀྱི་ཆོས་རྣམས་ནི། རྟག་པ་མེད་པ་དང་། རྟག་ཡོད་པ་མ་ཡིན་ཞེས་བྱ་བ་ནི། ཚིག་གིས་བརྗོད་ཚུལ་ཙམ་ལས་དོན་དེ་རྟོག་ངོར་འཆར་བ་ལ་ཁྱད་པར་ཅི་ཡང་མེད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། འདུ་བྱས་ཀྱི་ཆོས་རྣམས་ནི། རང་བཞིན་གྱིས་མེེད་པ་དང་། རང་བཞིན་གྱིས་ཡོད་པ་མ་ཡིན་པ་དང་། དེ་རྣམས་བདེན་པར་མེད་པ་དང་། བདེན་པར་ཡོད་པ་མ་ཡིན་ཞེས་བྱ་བ་ལ་ཁྱད་པར་ཅི་འདུག་ལེགས་པར་སོམས་ཤིག །
སྨྲས་པ། ཡིད་མིན་མེད་མིན་ཞེས་པའི་ཚིག་ཙམ་ཞེན། །དོན་གྱི་སྙིང་པོ་སྟོང་པའི་གཡང་སར་མཆོངས། །
ཇི་སྲིད་ཡོད་པ་གཉིས་དང་མེད་པ་གཉིས། །རྣམ་དབྱེ་མ་ཤེས་དེ་སྲིད་ཐར་དུས་མེད། །

རང་བཞིན་མེད་དང་མེད་པའི་ཁྱད་ཤེས་ན། །ལྟག་ཆད་གཡང་ས་ཀུན་ལས་བདེ་བླག་གྲོལ། །
རྟེན་འབྱུང་ཟམ་མོའི་ཚུལ་ལ་ངེས་པར་དྲངས། །སྣང་སྟོང་ཟུང་དུ་འཇུག་པའི་ཕ་སར་ཟིན། །

ཞེས་དགག་པ་གཉིས་ཀྱི་རྣལ་མ་གོ་བ་དང་། གོ་བའི་སྐྱོན་ཡོན་རྣམས་མ་འདྲེས་པར་གཟིགས་ཤིང་མཁྱེན་པར་མཛད་དེ་ཕྱིན་ཆད་དམ་པའི་སྐྱེས་མཆོག་དམ་པ་ལ་སྐུར་འདེབས་མ་བྱེད་ཅིག ། གཉིས་པ་ཁུངས་མེད་རྟོག་བཟོས་ཉམ་ཆུང་བསླུ་བའི་ཉེས་པ་ནི། དེ་ཡང་ཇི་སྐད་དུ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། དཔེར་ན། ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་གསུངས། དེ་བཞིན་དུ་སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །དངོས་པོ་སྟོང་པར་དེ་རྟོགས་ནས། །ཡང་དག་མཐོང་ཕྱིར་རྨོངས་མི་འགྱུར། །དེ་ནི་མ་རིག་འགོག་པ་ཡིན། །དེ་ལས་ཡན་ལག་བཅུ་གཉིས་འགག། ཅེས་གསུངས། དེ་བཞིན་དུ་དབུ་མ་བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པས་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །ཞེས་གསུངས།

དེ་བཞིན་དུ་དབུ་མ་ལ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས། དེས་ན་སྟོན་པ་སངས་རྒྱས་ནས་བཟུང་འཇམ་དབྱངས་བླ་མའི་བར་མགྲིན་གཅིག་དབྱངས་གཅིག་ནི། རིགས་དྲུག་སེམས་ཅན་ཐམས་ཅད་སྔོན་ཐོག་མེད་ནས་ཁམས་གསུམ་འཁོར་བར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བར་མཚམས་མེད་པར་མནར་ཞིང་ཉམས་སུ་མྱོང་བ་ནི་ང་དང་ང་ཡིར་འཛིན་པའི་འཇིག་ཚོགས་ལ་ལྟ་བའི་ལྷན་སྐྱེས་ཀྱི་མ་རིག་པ་ལས་བྱུང་ཞིང་། དེ་ཉིད་འགོག་པའི་གཉེན་པོར་དེ་དང་འཛིན་སྟངས་འགལ་བ་ང་དང་ང་ཡི་བ་བདེན་པར་མེད་པར་གཏན་ལ་ཕབ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གྲོལ་དགོས་པ་ནི་མདོ་བསྟན་རྣམས་སུ་ལན་གཅིག་མིན་པར་ཡང་ཡང་གསུངས་ན། ཁྱོད་ཅག་དེ་ལས་བཟློག་སྟེ། རང་བཞིན་གྱིས་ཡོད་པར་ཞེན་པའི་ལྷན་སྐྱེས་ཀྱི་བདེན་འཛིན་སེམས་ཅན་རྣམས་འཁོར་བར་འཆིང་བྱེད་དང་ཉེས་ཚོགས་ཀུན་གྱི་རྩ་བའི་མ་རིག་པ་དེ་ནི་རགས་པའི་ཆོས་ཀྱི་བདག་འཛིན་དང་། དེའི་ཞེན་ཡུལ་མེད་པ་ཡང་ཆོས་ཀྱི་བདག་མེད་རགས་པར་འདོད་ཅིང་། དེ་བཞིན་དུ་ཆོས་ཐམས་ཅད་མེད་པར་ཞེན་པ་དང་། ཡོད་མེད་གཉིས་ཀར་ཞེན་པ་དང་། གཉིས་ཀ་མིན་པར་ཞེན་པ་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྲ་བའི་ཆོས་ཀྱི་བདག་འཛིན་དང་། དེའི་ཞེན་ཡུལ་མེད་པ་ཡང་ཕྱི་མ་ཕྱི་མ་ཕྲ་བའི་ཆོས་ཀྱི་བདག་མེད་དོ་ཞེས་འདི་ལྟ་བུ་ཞིག་ཁུངས་མེད་རྟོགས་བཟོས་ཉམ་ཆུང་བསླུ་བར་སྙིང་རེ་རྗེ། དེ་ལ་གངས་ཅན་རིག་པའི་ཁུ་བྱུག་ལགས་ཀྱིས་འདི་སྐད་སྨྲ་སྟེ། ལྷན་སྐྱེས་ཀྱི་ཆོས་ཀྱི་བདག་འཛིན་ལས་ཀུན་བརྟགས་ཀྱི་ཆོས་ཀྱི་བདག་འཛིན་ཕྲ་བ་དང་གཅིག །མཐའ་འཛིན་ཕྱི་མར་འགོག་པའི་ལྟ་བ་ཕྲ་མོར་རློམ་པའི་བློས་བྱས་ཀྱི་ལྟ་བས་ང་དང་ང་ཡིར་འཛིན་པའི་ཞེན་ཡུལ་སུན་མ་ཕྱུང་ན་ཡང་དེ་ཉིད་འགོག་པའི་གཉེན་པོར་གཙོ་བར་སྨྲ་བ་གཉིས་ནི། དཔལ་ལྡན་ཟླ་བའི་རིང་ལུགས་ལས་ཕྱི་རོལ་ཏུ་གྱུར་ཅིང་། ཁུངས་མེད་རྟོག་བཟོས་ཉམ་ཆུང་མང་པོ་བསླུ་བས་ཆེས་འཇིགས་སུ་རུང་བའི་གྲུབ་མཐའ་ངན་པ་ཞིག་སྟེ། དང་པོ་གྲུབ་སྟེ། དབུ་མ་ལ་འཇུག་པ་ལས། གང་དག་དུད་འགྲོ་བསྐལ་མང་བརྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་མཇུག་མཐོང་སྟེ། །དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །ཅེས་དང་། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ནི་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་གསུངས་སོ། །

དོན་དེ་ཉིད་གངས་ཅན་ཤིང་རྟ་ཆེན་པོའི་ཞལ་སྔ་ནས། དེ་ལ་རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་པ་སུའི་ལུགས་ལ་ཡང་ཆོས་ཀྱི་ བདག་མེད་ཀྱི་ཡོངས་གྲུབ་གཏན་ལ་འབེབས་པ་ན་སྟོང་གཞི་གང་ལ་བྱ་དགོས་པ་ནི་ཆོས་ཀྱི་བདག་འཛིན་གྱིས་གཞི་གང་ལ་ཆོས་ཀྱི་བདག་ཏུ་བཟུང་བ་དེ་ལ་རག་ལས་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་བཟུང་ནས་སྐྲག་པའི་སྡུག་བསྔལ་བསལ་བར་འདོད་པ་ན་ཐག་པ་སྟོང་གཞིར་བཟུང་ནས་དེ་སྦྲུལ་གྱིས་སྟོང་ངོ་ཞེས་བསྟན་དགོས་ཀྱི། ཐག་པ་སྦྲུལ་གྱིས་སྟོང་པ་སྟོང་གཞིར་བཟུང་ནས་དེ་ཐག་པ་དང་སྦྲུལ་དོན་གཞན་དུ་ཡོད་པས་སྟོང་ངོ་ཞེས་བརྗོད་དུ་མི་རུང་བ་བཞིན་ནོ། །ཞེས་དང་། དེས་ན་འཇིག་རྟེན་ན་འདྲེ་ཤར་སྒོར་གནོད་པ་ལ་གླུད་ནུབ་སྒོར་གཏོང་ཞེས་པ་ལྟར་མ་སོང་བར་གང་ལ་བདག་ཏུ་བཟུང་བའི་གཞི་གཞན་དབང་དེ་ཇི་ལྟར་བཟུང་བ་ལྟར་གྱི་ཀུན་བརྟགས་ཀྱི་བདག་གིས་སྟོང་པ་ཡོངས་གྲུབ་ཡིན་པའི་སྟོང་ཚུལ་དེ་འདྲའི་སྟོང་ཉིད་བསྒོམས་ན། བདག་འཛིན་གྱི་གཉེན་པོར་འགྲོ་བ་ཡིན་གྱི་ལུགས་དེ་ལས་གཞན་པའི་སྟོང་ཚུལ་གྱི་སྟོང་པ་བསྒོམས་ན་ནི་བདག་འཛིན་ལ་ཅི་ཡང་མི་གནོད་དོ། །ཞེས་ཀྱང་གསུངས་ན་ཁེར་རྐྱང་སེར་པོ་ལ་སོགས་རང་ལྟ་མཆོག་འཛིན་གྱིས་དཔལ་ས་སྐྱ་གོང་མའི་རྗེས་འཇུག་རློམ་པ་དག་གིས་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག་ཅེས་ཀྱང་བརྗོད་དོ། ། གཉིས་པ་གྲུབ་སྟེ། ཡོད་མིན་མེད་མིན་དང་། གཉིས་དང་གཉིས་མིན་གྱི་འཛིན་པ་བཞི་པོ་སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བའི་ཆོས་ཀྱི་བདག་འཛིན་དང་། སྤྲོས་བྲལ་བཞི་པོ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཁུངས་ནི། རི་བོང་གི་རྭ་དང་། མོ་གཤམ་བུ་མོའི་མཆེད་ཟླ་མིན་ན་རྒྱལ་བའི་མདོ་སྡེ་འདི་དང་དེའོ་ཞེས་པ་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལེགས་བཤད་འདི་དང་དེའོ་ཞེས་བསྟན་པའི་དུས་ལ་བབས་ན་ངས་ནང་ཆོས་དང་ཚན་རིག་གི་གླེང་སྟེགས་འདི་ན་སྒུག་ཡོད།

སྨྲས་པ། རང་སྐྱོན་རི་བོར་མ་མཐོང་གཞན་ལ་སྐུར། །རང་ལྟ་མཆོག་ཏུ་རློམ་པས་ཟབ་དོན་འཁྲུལ། །
རང་ཉིད་ཁེར་རྐྱང་རྒྱུ་ཚེ་མྱུར་སྣང་ཤར། །ཁུ་བྱུག་མདུན་སར་སླེབས་ན་ཅི་ཡང་གསལ། །

ཡོད་པ་གཉིས་དང་མེད་པ་རྣམ་པ་གཉིས། །རྣམ་གཅོད་ཡོངས་གཅོད་དགག་པའི་རྣལ་མ་ལ། །
ཇི་སྲིད་གོ་བ་མ་རྙེད་དེ་སྲིད་དུ། །ནམ་ཡང་འགལ་འདུའི་འཕྲང་ལས་ཐར་དུས་མེད། །

མདོར་ན་རྒྱལ་བ་དམ་པའི་དགོངས་པའི་བཅུད། །ཀླུ་སྒྲུ་ཡབ་སྲས་བརྒྱུད་པའི་མན་ངག་མཆོག །
མཐར་འཛིན་ནད་ཀུན་སེལ་བའི་སྨན་གྱི་ཕུལ། །འཇམ་དབྱངས་བླ་མའི་གསུང་ལས་གང་ན་མཆིས། །

གསུམ་པ་མཐོང་བ་མངོན་སུམ་ལ་བསྙོན་འདིང་བྱས་པའི་ཉེས་པ་ནི། ཇི་སྐད་དུ་སྡོམ་གསུམ་བསྟན་པའི་མདོ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ་གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་དང་། དབུ་མ་ལ་འཇུག་པ་ལས། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་རྒྱལ་བ་ཡབ་སྲས་རྣམས་ཀྱིས་འཇིག་རྟེན་གྱིས་མཐོང་བར་རྩིས་སུ་འཛིན་ན་ཡང་། ཁྱོད་ཅག་གི་ལྟ་བ་དེ་ནི་འཇིག་རྟེན་གྱི་མངོན་སུམ་གྱིས་མཐོང་བ་མ་ལུས་ལ་བསྙོན་འདིང་བྱེད་དེ། འཇིག་རྟེན་གྱིས་མཐོང་ཚད་མ་ལུས་ཡོད་པ་མ་ཡིན་ཞེས་སྐད་གསང་མཐོན་པོས་བསྒྲགས་ཤིང་། ད་དུང་བདེན་གཉིས་ཟུང་འཇུག་ཀྱང་སྨྲ་བ་དམ་པར་རློམ་པས་ཅིས་བགད་མི་བྲོའམ།

མདོར་ན། འཇིག་རྟེན་ན་མདུན་གྱི་ཅོག་ཙེ་དེ། ཡ་གྱལ་ཀ་བ་དང་། བུམ་པ་གཉིས་རེ་རེ་ནས་མིན་པར་རྟོགས་ནས་ཀ་བུམ་གཉིས་ཀར་ཡིན་ཞེས་དྭོགས་པ་སུ་ཡང་མེད་པ་དང་། བ་གླང་དེ། ལྷ་དང་། མི་རེ་རེ་ནས་མིན་པར་རྟོགས་ནས་དེ་ཉིད་ལྷ་མི་གཉིས་ཀར་ཡིན་ཞེས་དྭོགས་པ་སུ་ཡང་མེད་པ་ནི། འཇིག་རྟེན་མ་ལུས་པས་མངོན་སུམ་གྱིས་གྲུབ་ན་དེ་ལ་བསྙོན་འདིང་ཇི་ལྟར་བྱེད་ལགས་སམ། དེ་བཞིན་དུ་བདག་དང་ཕུང་པོ་གཉིས་པོ་དེ། བདེན་པར་གྲུབ་པའི་རྟག་པ་དང་། མི་རྟག་པ་ཡ་གྱལ་རེ་རེ་ནས་མེད་པར་རྟོགས་ནས་བདེན་གྲུབ་ཀྱི་རྟག་དང་མི་རྟག་གཉིས་ཀར་དྭོགས་པ་སུ་ལགས་སམ།
དེ་བཞིན་དུ་བདག་ཕུང་གཉིས་པོ་དེ། ཡོད་པའི་མཐའ་དང་། མེད་པའི་མཐའ་རེ་རེ་ནས་བཀག་ནས་ཡོད་མེད་གཉིས་ཀར་མ་ཁེགས་པའི་སྐྱེས་བུ་གང་ལགས། ཁེར་རྐྱང་སེར་པོ་རེད་བས། ཡང་ན་སུ།

རེ་རེ་བཀག་ནས་གཉིས་ཡིན་སེམས་པ་ནི། །རང་སེམས་གདོན་གྱིས་མྱོས་ནས་སྨྱོ་མིན་ན། །
ཤེས་པ་རང་བཞིན་གནས་པ་གང་ཞིག་མཆིས། །འཇིག་རྟེན་ཀུན་ལ་གྲགས་པས་ཅི་སྟེ་བསྙོན། །
ཁེར་རྐྱང་སེར་པོ་ལ་སོགས་རང་ལྟ་མཆོག་འཛིན་དག་གིས་བཀའ་གྲོས་མཛོད་ཅིག་ཅེས་ཀྱང་བརྗོད་དོ། །

གསུམ་པ་ཡོད་པ་གཉིས་དང་མེད་པ་གཉིས་ཀྱི་རྣམ་དབྱེ་འབྱེད་ཅིང་། དགག་པ་གཉིས་ཀྱི་རྣལ་མ་གོ་བས་ཉེས་སྐྱོན་མ་ལུས་རང་སར་དེངས་པའི་ཕན་ཡོན་ནི། ༡ ཇི་སྐད་དུ་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་དང་། ༢ དབུ་རྩ་ཤེའི་རབ་བྱེད་ཉེར་བཞི་པ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཞེས་དང་། ༣ ཟླ་བའི་བཞི་བརྒྱ་པའི་འགྲེལ་བ་ལས། དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི་ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ་དེ་ལྟར་རང་གི་ངོ་བོ་ཡང་ཡིན་པ་ཉིད་ལ་གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་དངོས་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་བོང་བུའི་རྭ་དང་འདྲ་བར་གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར་འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིགས་དཀའ་བར་འགྱུར་རོ། །ཞེས་བྱ་བའི་མདོ་བསྟན་མཐའ་དང་མུ་མེད་པ་ཡོད་ཀྱང་ཚིག་ཚོགས་བསྐྱུངས་ཏེ་མཚོན་ཙམ་དང་། གོང་གསལ་མདོ་བསྟན་གསུམ་པོས་མིག་དང་གཟུགས་ལ་སོགས་པའི་ཕྱི་ནང་གི་འབྲས་བུ་རྣམས་སྐྱེ་བ་དང་རང་བཞིན་གྱིས་མི་སྐྱེ་བའི་ཁྱད་པར་ཕྱེ་བ་དང་། དེ་དག་ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར་ཕྱེ་བ་ནི་མིག་ལོང་བ་དང་སེམས་སྨྱོན་པ་མིན་ན་མཐོང་བ་དང་གོ་དགོས་ཚད་སྣང་ན་ཡང་ད་དུང་རྨོངས་པ་ནི་ཀྱེ་མ་མ་ཅིས་མི་མཚར་རམ། མདོར་ན། མ་གི་འགྲོ་བའི་སྡུག་བསྔལ་དང་། ཡ་གི་སྐྱབས་གནས་དཀོན་མཆོག་དང་། བར་དུ་ལས་འབྲས་བཟང་ངན་ལས་སྐྱེ་བ་སྔ་ཕྱི་དང་། དེ་བཞིན་བྱམས་པ་དང་སྙིང་རྗེ། ལྷག་བསམ་དང་སེམས་བསྐྱེད། ཚོགས་སྦྱོར་པའི་རྒྱལ་སྲས་ཀྱི་རླབས་ཆེའི་སྤྱོད་པ་རྨད་དུ་བྱུང་བ་རྣམས། བདེན་པ་དང་། རང་དབང་དང་། རང་བཞིན་ཡིན་པའི་དོན་དམ་པ་ནི། དོན་དམ་དཔྱོད་པའི་རིགས་ཤེས་དེས་བཀག་ཅིང་ཁེགས་ན་ཡང་། དེ་དག་བརྫུན་པ་དང་། གཞན་དབང་དང་། བཅོས་མ་ཡིན་པའི་ཀུན་རྫོབ་ཐ་སྙད་དུ་ཡོད་པར་བཀག་དགོས་པ་དང་། ཇི་ལྟར་བཀག་པའི་ཚུལ་ལ་ཁྱོད་ཅག་གིས་ནམ་ཡང་གོ་སྐབས་མི་རྙེད་པས་ཅི་སྟེ་རྙེད་ན་ཁེར་རྐྱང་སེར་པོ་ལ་སོགས་རང་ལྟ་མཆོག་འཛིན་དག་གིས་བཀའ་གྲོས་མཛད་ཅིག་ཅེས་ཀྱང་སྐུལ་ལོ། །

སྨྲས་པ། རང་བཞིན་མེད་ཀྱང་ཡོད་པའི་ཁྱད་པར་ནི། །མ་འདྲེས་གངས་ཅན་ལྗོངས་སུ་གསལ་བར་ཕྱེ། །
སྐལ་ལྡན་རིགས་ཀྱི་བུ་རྣམས་མྱ་ངན་སེལ། །བཀའ་དྲིན་འདི་ནི་ནམ་ཡང་གཞལ་བར་དཀའ། །

དེས་ན་དགག་པ་གཉིས་ཀྱི་རྣལ་མ་འདི་ནི་དབུ་མའི་རིང་ལུགས་དམ་པའི་སྲོག་རྩ་ཡིན་པས་དེ་ཉིད་ཁོང་དུ་ཆུད་པར་དཀའ་ན་ཡང་བློ་དེའི་ཕྱོགས་སུ་དྲང་བར་བྱའོ། །དེ་ཡང་ཁྱད་གཞི་གཟུགས་ཕུང་གི་སྟེང་དུ། རང་བཞིན་གྱིས་ཡོད་པ་དང་། རང་བཞིན་གྱིས་མེད་པ་གཉིས་ནི་ཕན་ཚུན་སྤངས་ཏེ་འགལ་བའི་དགག་པ་གཉིས་ཀྱི་རྣལ་མ་ཡིན་ཏེ། རང་བཞིན་གྱིས་ཡོད་པ་དང་། རང་བཞིན་གྱིས་མེད་པ་གཉིས་ནི། རྣམ་གཅོད་ཡོངས་གཅོད་དང་། གཉིས་ཡིན་གྱི་ཕུང་སུམ་དང་། གཉིས་མ་ཡིན་གྱི་ཕུང་སུམ་སེལ་བའི་ཕྱིར་རོ། །
དེ་ལྟར་ཡང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་དང་། དེའི་བཤད་སྦྱར་ལས་ཀྱང་། ཕྱོགས་ཕྱི་མ་གཉིས་ནི་རྣམ་པར་རྟོག་པ་སྲིད་པ་དགག་པ་སྟེ། ཇི་ལྟར་སློབ་དཔོན་བྷ་བྱའི་ཞལ་སྔ་ནས་ཕྱོགས་རྣམ་པར་བརྟགས་སུ་ཟིན་ན་ཡང་མི་རིགས་པ་བརྗོད་པར་བྱ་བའི་ཕྱིར་དེ་ཡོངས་སུ་བཟུང་བས་ཉེས་པ་མེད་དོ་ཞེས་བརྗོད་པ་ལྟ་བུའོ། །ཞེས་གསུངས།
དེ་བཞིན་དུ་དཔལ་ལྡན་ཟླ་བའི་དབུ་མ་ཤེས་རབ་ལ་འཇུག་པ་ལས། གཅིག་དང་དུ་མ་སྤངས་པ་ཡི། ། དངོས་པོ་གང་ཡང་མི་གནས་ཏེ། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས།
དེ་བཞིན་དུ་ཞི་འཚོའི་དབུ་མ་རྒྱན་གྱི་རང་འགྲེལ་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །རང་བཞིན་ནི་ཡོད་པར་གྱུར་ན་ནི་གཅིག་པའམ་ཅིག་ཤོས་ལས་མི་འདའོ། །དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་བར་བྱེད་དོ། །ཞེས་གསུངས།

སློབ་དཔོན་ཀཱ་མ་ལ་ཤི་ལའི་དབུ་མ་སྣང་བ་ལས་ཀྱང་། འདི་ལྟར་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་འདི་དག་ནི། གང་ཡང་རུང་བ་ཞིག་དགག་པ། ཅིག་ཤོས་བསྒྲུབ་པ་མེད་ན་མེད་པ་ཡིན་ནོ། །ཞེས་དང་།
ཡང་དེ་ཉིད་ལས། གང་ཞིག་ཡོངས་སུ་གཅོད་པ། གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་དག་ལྟ་བུའོ། །གཅིག་པ་ཉིད་དང་དུ་མ་དག་ཉིད་ཀྱང་དེ་དང་འདྲ་ལ་ཁྱབ་པར་བྱེད་པ་ལོག་པས་ཀྱང་ཁྱབ་པར་བྱ་བ་ལྡོག་པར་ངེས་པས་དེའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེཚོམ་ཟ་བ་མ་ཡིན་ཏེ། ཕུང་པོ་གཞན་མི་སྲིད་པའི་ཕྱིར་རོ། །ཞེས་དབུ་མ་ཐལ་རང་གི་ངེས་དོན་ལ་ཡོངས་རྫོགས་ཀྱི་པཎ་ཆེན་རྣམ་པ་རྣམས་མགྲིན་གཅིག་དབྱངས་གཅིག་ཏུ་རྒྱལ་བའི་མདོ་ལས་ཡོད་མིན་མེད་མིན་གྱི་མཐའ་བཞིའི་སྤྲོས་བྲལ་གསུངས་པའི་དགོངས་དོན་ནི། མཐའ་དང་པོ་གཉིས་ནི་རྟག་ཆད་ཀྱི་མཐའ་གཉིས་སེལ་བ་དང་། མཐའ་ཕྱི་མ་གཉིས་ནི་དེའི་ལོག་རྟོག་སེལ་བའི་ཡན་ལག་སྟེ་གཉིས་དང་གཉིས་མ་ཡིན་གྱི་ཕུང་སུམ་སེལ་བའི་མཐའ་གཞན་བཀག་པས། དགག་པ་གཉིས་ཀྱི་རྣལ་མ་ལ་སྡང་བ་ནི་དོན་དུ་མཐའ་བྲལ་དབུ་མའི་ལྟ་བ་རྒྱང་རིང་དུ་བྱེད་པ་ཡིན་པས་གཟབ་པར་ཤིན་ཏུ་གཅེས་སོ། །

སྨྲས་པ། སྟོན་པ་གཅིག་གི་རྗེས་འབྲང་གྲུབ་མཐའ་བཞི། །
ཅིག་ཤོས་ཡིན་པའི་ཞེན་ཆགས་བདག་ལ་མེད། །
གཞན་དུ་མིན་པའི་སྡང་སེམས་བདག་ལ་མེད། །
བསྟན་པའི་དེ་ཉིད་མཐོང་བར་ཁོ་བོས་སྨོན། །

ཆོས་རྒྱུད་གཅིག་ལས་མཆེད་པའི་ལྟ་གྲུབ་བཞི། །
འགའ་ཞིག་དངོས་ལ་གནས་པའི་ཡིད་སྨོན་དང་། །
གཞན་དུ་འཁྱོག་ན་བསམ་པའི་འཁོན་འཛིན་མེད། །
མཐའ་བྲལ་དབུ་མར་མཐོང་བར་བདག་གིས་རེ། །

བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །
མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །
གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །

རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །
གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །
དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །
རྣམ་དཔྱོད་པ་ནི་མྱུར་དུ་འགྲོལ་བར་འགྱུར། །

དེ་ལས་བྱུང་བའི་རབ་དཀར་དགེ་བ་རྣམས། །
མཐར་འཛིན་མུན་པ་ཆོས་ཀྱི་དབྱིངས་སུ་དག །
ཐམས་ཅད་མཁྱེན་པའི་ཕ་སར་ཟིན་གྱུར་ནས། །
མཁའ་མཉམ་འགྲོ་བའི་རེ་བ་བསྐང་བར་ཤོག །

ཅེས་པ་འདི་ནི་དཔལ་ས་སྐྱ་པའི་རིང་ལུགས་འཛིན་པ་ཆོས་གྲོགས་ཁེར་རྐྱང་སེར་པོ་སོགས་ཀྱིས་ངར་སྒྲ་སྟོང་གསུམ་འགེངས་པའི་བཙན་གྱིས་སྐུལ་སྟེ་དགེ་ལྡན་པའི་གྲལ་མཐར་འཛིན་པ་རྗེ་བླ་མ་ལ་ཤེས་ནས་དད་པར་ཐོབ་པ་རིགས་ལམ་སྨྲ་བའི་དགེ་བཤེས་རིག་པའི་ཁུ་བྱུག་འབོད་པ་གང་དེས་ཕྱི་ལོ་་༢༠༢༡ཟླ་༨ཚེས་༡༤ཉིན་ཞོགས་པར་བགྱིས་ཏེ་སྤྲིངས་པའོ། །

གོང་གི་རྩོམ་ཡིག་དང་འབྲེལ་བའི་གསུང་བཤད་སྒྲ་སྒམ།