དཀའ་བའི་གནད་ཀྱི་དྲིས་ལན་བློ་གསལ་དགའ་སྟོན།
དྲི་བ།ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་དུ། རྗེ་བདག་ཉིད་ཆེན་པོ་ལ་འཕང་བའི་ཐལ་འགྱུར་ཏེ།“གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། རྟགས་གསལ་འབྲུ་གནོན་(སྣོན་)གྱི་ཐོག་ཏུ་དངོས་འགལ་ཡིན་ལ། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ལ་དངོས་འགལ་ཡིན་པས་གངས་རིའི་ཁྲོད་ཀྱི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག”།ཅེས་པ་འདི་འཕེན་སྟངས་གང་འདྲ་ཡིན་གསལ་བཤད་ཅིག་གནང་རོགས།
ལན།ཐལ་འགྱུར་འདི་གང་ལ་འཕང་པའི་ཁས་བླངས་ངོས་བཟུང་བ་དང་། ཇི་ལྟར་འཕང་པའི་ཚུལ་གཉིས་ལས། དང་པོ་ནི།འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས།“གཟུང་དང་འཛིན་པ་ལས་གྲོལ་བའི།།རྣམ་ཤེས་དམ་པའི་དོན་དུ་ཡོད།།བློ་མཚོའི་ཕ་རོལ་ཕྱིན་པ་ཡི།།རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས།།རྣམ་ཤེས་དམ་པའི་དོན་ལྡན་པ།།དེ་ཡང་བརྟེན་རྣམས་མི་འདོད་དེ།།གཅིག་དང་དུ་མའི་རང་བཞིན་དང་།།བྲལ་ཕྱིར་ནམ་མཁའི་པདྨ་བཞིན།།ཡོད་མིན་མེད་མིན་ཡོད་མེད་མིན།།གཉིས་ཀའི་བདག་ཉིད་མིན་པའང་མིན།། མཐའ་བཞི་ལས་གྲོལ་དབུ་མ་པ།།མཁས་པ་རྣམས་ཀྱི་དེ་ཁོ་ནའོ།།” ཞེས་གསུངས་ཏེ།ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར་ནང་པའི་གྲུབ་མཐའི་རྣམ་གཞག་རིམ་པར་མཛད་ཅིང་།རྣལ་འབྱོར་སྤྱོད་པ་སེམས་ཙམ་པས་འདོད་པའི་གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་དེའང་དབུ་མ་པས་གཅིག་དུ་བྲལ་གྱི་རྟགས་ཀྱིས་བཀག་པ་མ་ཟད། དེ་ཉིད་མཐའ་བྲལ་དུ་བསྟན་པ་ལ།༡༽ཡོད་མིན༢༽མེད་མིན།༣༽ཡོད་མེད་མིན།༤༽གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་གསུངས་པའི་དོན་རྗེ་བདག་ཉིད་ཆེན་པོས་བཀྲལ་བའི་ཚེ།ཡོད་མིན་ཞེས་པའི་དོན།དོན་དམ་དུ་ཞེས་ཚིག་འབྲུ་འགའ་བསྣན་ནས།དོན་དམ་དུ་ཡོད་པ་མིན་ཞེས་དང་།མེད་མིན་ཞེས་པའི་དོན།ཀུན་རྫོབ་ཏུ་ཞེས་བསྣན་ནས་ཀུན་རྫོབ་ཏུ་མེད་པ་མིན་ཞེས་དང་།དེ་ནས་ཡོད་མེད་མིན་ཞེས་དང་།གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པ་ལ་ཚིག་འགྲེལ་དངོས་སུ་མཛད་མེད་ནའང་།ཡོད་མིན་མེད་མིན་ཞེས་དང་།ཡོད་མེད་མིན་པའང་མིན་ཞེས་པའི་མུ་གསུམ་པ་དང་བཞི་པར།དོན་དམ་དུ་ཡོད་པ་མ་ཡིན་པ་དང་།ཀུན་རྫོབ་ལ་མེད་པ་མ་ཡིན་པ་གཉིས་ཀ་མིན་ཞེས་པའང་།ཡོད་མིན་མེད་མིན་ལ་ཚིག་འབྲུ་དེ་ལྟར་བསྣན་ཅིང་བཀྲལ་བས་གསལ་ཞིང་།གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པའང་།དོན་དམ་དུ་ཡོད་པ་དང་།ཀུན་རྫོབ་ཏུ་མེད་པ་གཉིས་ཀ་མིན་པའི་བདག་ཉིད་དེའང་མིན་ཞེས་གསུངས་པའང་དེ་ལྟར་ཤེས་སོ།།
དེ་བཞིན་དུ།རྗེ་བདག་ཉིད་ཆེན་པོས།དགག་པ་གཉིས་ཀྱི་རྣལ་མ་གོ་དགོས་པས།ཆོས་གང་ཡིན་ནའང་ཡོད་པ་མ་ཡིན་ན།མེད་པ་ཡིན་དགོས་པ་དང་།ཆོས་དེ་མེད་པ་མ་ཡིན་ན་ཡོད་པ་ཡིན་དགོས་པ་དང་།ཆོས་དེ་ཡིན་པ་བཀག་ན་ཆོས་དེ་མ་ཡིན་དགོས་པ་དང་།ཆོས་དེ་མ་ཡིན་པ་བཀག་ན་ཆོས་དེ་ཡིན་དགོས་པ་ཞལ་གྱིས་བཞེས་མཛད་པ་ལ་ཐལ་འགྱུར་འདི་འཕང་པའོ།།
གཉིས་པ་ཇི་ལྟར་འཕང་པ་ནི། དེའང་།“གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། རྟགས་གསལ་འབྲུ་གནོན་༼སྣོན་༽གྱི་ཐོག་ཏུ་དངོས་འགལ་ཡིན་ལ། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ལ་དངོས་འགལ་ཡིན་པས་གངས་རིའི་ཁྲོད་ཀྱི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག”།ཅེས་ལྟ་བ་ཤན་འབྱེད་ལས་གསུངས་པ་ལས།འབྲུ་གནོན་ཞེས་པ་ནི་མ་དག་རྒྱུན་འབྱམས་སུ་སོང་བ་འདྲ།འབྲུ་གནོན་མ་ཡིན་པར་འབྲུ་སྣོན་ཡིན།
ཐལ་འགྱུར་འདི་ནི།རྗེ་ལ་མི་འདོད་པ་ཐལ་བར་འཕེན།འདོད་པ་རྟགས་སུ་བཀོད།དམ་བཅའ་ལ་བསལ་བ་ཞུགས་པའི་ལན་གྱིས་བཟློགས་པར་མི་ནུས་པའི་ཐལ་འགྱུར་ཞིག་སྟེ།དང་པོ་འཕགས་པ་ལྷས་ཆོས་ཅན་དུ་བཟུང་པ་རང་འཇགས་སུ་ཆོས་ཅན་དུ་བཟུང་སྟེ།གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན།དོན་དམ་ལ་ཡོད་པ་དང་།ཀུན་རྫོབ་ལ་མེད་པ་གཉིས་ཀ་ཡིན་པ་ཐལ་ཞེས་པ་ནི།རྗེ་ལ་མི་འདོད་པའི་ཐལ་འགྱུར་འཕང་པ་ཡིན་ཏེ། རྗེས་དེ་གཉིས་ཀ་ཡིན་པ་མི་བཞེད་པས་སོ། གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར་ཞེས་པའི་རྟགས་ནི།གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་དེ།དོན་དམ་ལ་ཡོད་པ་དང་།ཀུན་རྫོབ་ལ་མེད་པ་གཉིས་ཀ་མིན་པའི་བདག་ཉིད་ཀྱང་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ཡིན་ལ། དེའང་རྗེས་ཞལ་གྱིས་བཞེས་པའི་རྟགས་ཡིན་ནོ།གལ་ཏེ་རྗེས་དེ་ལྟར་ཞལ་གྱིས་མ་བཞེས་སོ་སྙམ་ན།གོང་གི་ལུང་ཚིག་དེ་འགྲེལ་བའི་ཚེ།ཡོད་མིན་མེད་མིན་གྱི་དོན་ལ།དོན་དམ་དུ་ཡོད་པ་མ་ཡིན།ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་འབྲུ་བསྣན་ནས་བཀྲལ་བའི་ཚེ།“ཡོད་མེད་མིན”་ཞེས་པའི་དོན་ཡང་།དོན་དམ་དུ་ཡོད་པ་དང་ཀུན་རྫོབ་ཏུ་མེད་པ་གཉིས་ཆར་མིན་ཞེས་པར་སོང་ཞིང་།དེ་ལྟར་ན་“གཉིས་ཀའི་བདག་ཉིད་མིན་པའང་མིན”་ཞེས་པའི་ཚེ་དོན་དམ་དུ་ཡོད་པ་དང་།ཀུན་རྫོབ་ཏུ་མེད་པ་གཉིས་ཀ་མིན་པའི་བདག་ཉིད་དེའང་མིན་ཞེས་པ་སྟེ། “ཡོད་མིན་མེད་མིན་”ལ་དོན་དམ་དུ་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་འབྲུ་བསྣན་ཏེ་བཀྲལ་བས་གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པ་ནི། དོན་དམ་དུ་ཡོད་པ་མ་ཡིན་པ་དང་། ཀུན་རྫོབ་ཏུ་མེད་པ་མ་ཡིན་པ་གཉིས་ཀའི་བདག་ཉིད་མིན་པའང་མ་ཡིན་ཞེས་བཀྲལ་བའི་ཕྱིར་རོ།
རྟགས་འབྲུ་སྣོན་ཐོག་ལ་དངོས་འགལ་ཞེས་པ་ནི། གོང་ན་བཀོད་པའི་ཐལ་འགྱུར་དེ་ལ་རྟགས་མ་གྲུབ་ཅེས་ལས་བཏབ་པ་ཡིན་ན། གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པ་ལ། དོན་དམ་དུ་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་འབྲུ་བསྣན་དེ་བཀྲལ་བའི་ཚེ། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་ཞལ་གྱིས་བཞེས་པ་དེ་དང་འགལ་ཞེས་པའོ། ཐལ་འགྱུར་དེ་ལ་ཁྱབ་པ་མ་གྲུབ་ཅེས་ལན་བཏབ་པ་ཡིན་ན།ཡོད་པ་མ་ཡིན་ན་མེད་དགོས།མེད་པ་མ་ཡིན་ན་ཡོད་དགོས།ཡིན་པ་མིན་ན་མ་ཡིན་དགོས།མ་ཡིན་པ་མིན་ན་ཡིན་དགོས་ཞེས་དགག་པ་གཉིས་ཀྱི་རྣལ་མ་གོ་བར་བཞེད་པ་དང་འགལ་ཏེ།གཉིས་ཀ་མིན་པ་མིན་ན།གཉིས་ཀ་ཡིན་མི་དགོས་པའི་ཕྱིར་རོ་ཞེས་པའོ།།
བསལ་བ་འབྲུ་སྣོན་ཐོག་ལ་འགལ་ཞེས་པ་ནི། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པ་འདོད་ཅེས་བསལ་བ་ལ་ལན་བཏབ་ན། ཡོད་མིན་མེད་མིན་ལ་དོན་དམ་དུ་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་འབྲུ་བསྣན་པས། ཡོད་མེད་མིན་ཞེས་པའང་དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་མིན་ཞེས་འབྲུ་བསྣན་ཏེ་ཞལ་གྱིས་བཞེས་པ་དང་འགལ་ཞེས་པའོ།
གལ་ཏེ་རྗེ་བདག་ཉིད་ཆེན་པོས་ཡོད་མིན་མེད་མིན་ལ་ཚིག་འབྲུ་དོན་དམ་དུ་ཡོད་པ་མ་ཡིན་ཞེས་དང་། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་བསྣན་པ་མ་གཏོགས།ཡོད་མེད་མིན་ཞེས་དང་།གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པ་ལ་ཚིག་འབྲུ་དེ་དག་བསྣན་པ་མ་གྲུབ་བོ་སྙམ་ན། རྗེ་བདག་ཉིད་ཆེན་པོའི་ལེགས་པར་དཔྱོད་པའི་རྣམ་དཔྱོད་ཀྱིས་གསུང་རབ་ཀྱི་དགོངས་པ་རང་སྟོབས་ཀྱིས་བཀྲལ་ཡང་།“ཡོད་མེད་མིན”་ཞེས་དང་།“གཉིས་ཀའི་བདག་ཉིད་མིན་པའང་མིན”་ཞེས་པའི་རྩ་བ་འགྲེལ་མ་ནུས་ནས་བསྐྱུར་བ་ཡིན་པ་ཁས་ལེན་དགོས་ཐུག་པའམ། ཡང་ན་ཡོད་མེད་མིན་ཞེས་པའི་དོན་བློས་ཀྱང་དེ་ལྟར་ཞེན་དུ་མི་རུང་ཞེས་པའི་དོན་ཡིན་སྙམ་ན། གཉིས་ཀའི་བདག་ཉིད་མིན་པའང་མིན་ཞེས་པའི་དོན་ལ།བློས་དེ་ལྟར་ཞེན་དུ་རུང་ཞེས་གསུངས་པ་ཡིན་ཞེས་སྨྲས་ན་གནོད་བྱེད་ཡོད་མེད་མཚུངས་ཞེས་དགོངས་སོ་སྙམ།
གཟི་བརྗིད་མཐའ་ཡས་ཀྱིས་༢༠༢༡།༠༨།༡༤ལ།
———————————————
🌷འབྱོར་མཆོག🌷 ནང་ཆོས་དང་ཚན་རིག་གླེག་སྟེགས་ཀྱི་དྭ་ཚོམས་འདིའི་གཙོ་འགན་བཞེས་མཁན། ལྷག་བསམ་དང་བརྩོན་པ་ཕུལ་བྱུང་དགེ་བའི་བཤེས་གཉེན་འབྱོར་མཆོག་གཙོས། མདོ་སྔགས་རབ་འབྱམས་པའི་མཁན་པོ་དང་དགེ་བའི་བཤེས་གཉེན་བླ་མ་སྤྲུལ་སྐུ་སོགས་ལས་དང་འདུན་པ་གཅིག་པའི་ཆོས་གྲོགས་ཡོངས་ལ་གུས་འདུད་དང་འབྲེལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དགེ་བའི་བཤེས་གཉེན་འབྱོར་མཆོག་གི་ཕྱག་ལས་ལ་རྒྱབ་སྐྱོར་མཚོན་ཕྱིར། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་བརྩམས་པའི་ལྟ་བའི་གསལ་བྱེད་ཡིག་ཆུུང་རབ་རིབ་མུན་སེལ་ལས་དབུ་མ་པའི་ལྟ་བའི་སྐོར་ཀློག་འདོན་བྱས་ཏེ་འདིར་ཕུལ་ཡོད།
↡ ལྟ་བའི་གསལ་བྱེད་མཁན་རིན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པ། གསུང་བཤད་སྒྲ་སྒམ། ↡